
走过寒冬 图 / 封明清
དཀར་དམར་དྲི་བསུང་འཐུལ་བའི་མེ་ཏོག་གི་ཚལ་ན།།
ཡིད་འོང་ལས་ཀྱིས་བཀོད་པའི་ན་མཉམ་གྱི་ཕོ་ཚོགས།།
དཔྱོད་ཤེས་ས་ལ་བསྙེས་པའི་ཚེ་ཐུང་གི་བེམ་ཀོག །
མནོག་ཆུང་ཟས་སུ་མ་རྙེད་སྒྲོན་མེ་བཞིན་གཟིམ་མམ།།
ལྷ་འདྲེས་རྣམ་རྟོག་བསྒོས་ནས་ཚེ་ཕྱེད་དུ་བསྐྱལ་ཏེ།།
སྟོན་འབྲས་སྙེ་མའི་སྐྲ་ལོ་ནམ་མཁའ་ལ་གཟེངས་དུས།།
ཙག་དང་རླུང་གི་རུ་དཔུང་བར་མེད་དུ་རྒྱུ་བས།།
ང་ནི་ཁྱོད་ཀྱི་སླད་དུ་སྐྱོ་གདུང་གིས་མནན་འགྲོ།།
དར་མའི་ལུས་ཀྱི་སྒྲོ་གཤོག་བསིལ་རླུང་གིས་བཀྱགས་ཀྱང་།།
སྤྲིན་དཀར་མིག་ལ་མི་ཐོགས་ན་སྤང་དུ་སྦས་ཏེ།།
ཆུ་འདམ་ཟས་སུ་རོལ་བའི་འདོད་ཆུང་གི་གླག་རྒོད།།
མཐོན་པོའི་བྱ་ལམ་ཟེར་བ་དེ་ག་ཡིས་ཆོད་དམ།།
གཞིས་ཀྱི་རྨི་ལམ་འཁྲིགས་པའི་དྲོ་འཇམ་གྱི་མལ་ཁྲི།།
བློས་བསླང་དག་པའི་ཞིང་དུ་ཅི་ཙམ་ཞིག་བསྒོམས་ཀྱང་།།
ཉན་ཐོས་རང་རྒྱལ་དག་ནི་རི་ཁྲོད་དུ་དགྱེས་པས།།
གྲོང་གི་བརྡ་འཕྲིན་དུས་ལ་ལོབས་ཚོད་ཅིག་མ་རེད།།
ཕུང་གསུམ་བྱེ་མའི་ཆང་བུ་དཔྱིད་དུས་ཀྱི་རྩི་ཐོག།
གངས་ལྗོངས་ལ་དང་ལུང་བའི་ཕུ་མདའ་རུ་སྐྱེས་ཀྱང་།།
བག་འཁུམས་རྙིང་དྲི་འཐུལ་བའི་འདབ་གཤོག་གི་ཁ་དོག།
མི་གསལ་རུལ་སུངས་འབྱམས་སུ་ཀླས་འགྲོ་འདི་སྐྱོ་ཨང་།།