སྤྲིན་དཀར་ལྟ་བུའི་ཁྱེད་ཀྱི་འཛུམས་མདངས་ཀྱི་གཞི་ལ།
ང་ཡི་ཕྱི་གསལ་ནང་གསལ་གྱི་བརྩེ་དུང་སྦས་ཡོད།
ཁྱེད་ཀྱི་ཁོད་ཡངས་པའི་སེམས་ཀྱི་རྩྭ་ཐང་སྟེང་དུ།
རྙིང་མི་སྲིད་པའི་ང་ཡི་བརྩེ་དུང་གི་ས་བོན་གཏོར་ཡོད།
དབྱར་ཁ་ལྟ་བུའི་ཁྱེད་ཀྱི་མཛེས་སྡུག་གི་འཇིག་རྟེན་ལ།
གངས་རི་ལྟ་བུའི་ང་ཡི་སེམས་པ་བརྗིད་ཉམས་ཀྱིས་ཉལ་ཡོད།
ངའི་རྨི་ལམ་འཕྲོག་སྟེ། ངའི་སེམས་པ་འཕྲོག་སྟེ། ངའི་སྨྱུག་ཁ་འཕྲོག་སྟེ།
ད་ལྟ་ང་ཡི་སེམས་པ་ཁྱེད་ཀྱི་མཛེས་སྡུག་གིས་བཟི་ཞིང་།
ང་ཡི་སྙན་ངག་གི་ཡིག་འབྲུ་རེ་རེར་བརྩེ་དུང་གིས་མྱོས་ཏེ།
སྐར་ཚོགས་ལྟ་བུའི་མཛེས་སྡུག་གི་མཚན་ལྗོངས་ཤིག་དང་།
གངས་རི་ལྟ་བུའི་བརྗིད་ཉམས་ཤིག
དུས་འདི་ནས། ཁྱེད་ལ་ལེགས་སྐྱེས་སུ་འབུལ་རྩིས་ཡོད་ཅིང་།
ལོ་ངོ་སྟོང་ཕྲག་འགོར་ཡང་རྙིང་མི་སྲིད་པའི་ལེགས་སྐྱེས་དེ་དག
ཁྱེད་ཀྱིས་ཚེ་གང་པོར་མྱངས་ནས་རྫོགས་མཐའ་མེད་པའི་ལོངས་སྤྱོད་ཅིག་ཡིན་པས།
ང་རང་སྐྱིད་ཅིང་སྡུག་ཡང་མཛེས་སྡུག་དེ་དག་ཁྱེད་ལ་དབང་བའི་རྒྱུ་ནོར་དེ་ཡིན།
རོལ་ནས་རྫོགས་མཐའ་མེད་པའི་ཁྱོད་ཀྱི་མཛེས་སྡུག་གིས།
ངའི་མིག་ཟུང་དང་བཅས་པའི་སེམས་པ་སྒུལ་ཏེ།
ངའི་ལག་པ་དང་སྨྲ་བརྗོད་སྒུལ་ཏེ།
ཁྱོད་ཀྱི་ཆེད་དུ། ངས་རང་ཉིད་ཀྱི་དུས་ཚོད་དེ་དང་།
ཕུགས་བསམ་གྱི་འཛུམ་མདངས་སྡུག་ལ་ག་ཚོད་བསྒྱུར་དགོས་ཨང་།
དུས་འདི་ནས། ངའང་ཐབས་ཤེས་གཞན་མེད་པར།
ཁྱོད་ཀྱི་ཕྱོགས་སུ་རྒྱང་ལྟ་ཡང་ཡང་བྱེད་དགོས་ཤིང་།
ཁྱོད་ཀྱི་གོམ་སྒྲ་ལ་ཡང་ཡང་སེམས་སུ་འཚོས་དགོས་བྱུང་།
ཁྱོད་ཀྱི་འཇིག་རྟེན་ལ་རྣ་བ་ཡང་ཡང་བླགས་དགོས་བྱུང་།
ཁྱོད་ཁོ་ནའི་ཆེད་དུ། ང་ལ་ངལ་གསོའི་དུས་ཚོད་ཅིག་ཡོད་མ་མྱངས།
ཁྱོད་ནི། ཟ་འཕྲུག་སློང་བྱེད་ཀྱི་རྩི་ཤིང་ཞིག་དང་མཚུངས་པར།
སྤྲིན་དཀར་ལྟ་བུའི་བདག་གི་སེམས་པ་ཡང་ཡང་སྒུལ་བྱུང་བས།
དུས་ཚོད་ཀྱིས་རིས་སུ་སྤྱུགས་མྱོང་བའི་འདས་དོན་ཞིག་དྲན་ཚེ།
སེམས་འདི་སྐྲག་སྣང་ཞིག་གིས་མནར་མོད།
ཁྱོད་ཀྱི་ཆེད་དུ། ད་དུང་ཡང་།
ཐེ་ཚོམ་དང་དངངས་སྐྲག་ཅི་ཡང་མེད་པར།
ངས་ཡང་བསྐྱར། སྡུག་ཐང་ནས་བླངས་ཏེ་ཐོད་དུ་ལེན་དགོས་ཤིང་།
ཁྱོད་ཀྱིས་ཕྱིར། ངའི་ཁོར་ཡུག་གི་མི་རྣམས་ཀྱིས་ང་ལ་འཛུམ་མདངས་གཞན་ཞིག་བསྟན་ཏེ།
ང་མཁོ་ན་ཁོ་ཚོའི་ཉི་མ་འཁྱོལ་ཐབས་ཀྱི་ལེ་ཚན་ཞིག་ཏུ་གྱུར་ཡོད།
ཡིན་ཡང་། དུས་ཚོད་ག་ཚོད་ཅིག་གིས་རྗེས་སུ།
ཁྱོད་ཀྱིས་གཡང་འཁྱེར་ཏེ་ངེད་ཚང་ལ་ཡོང་སྟེ།
སྐྱིད་འུ་གཉིས་ལ་དབང་བའི་དུས་ཤིག་ཡོད་པར་སྨོན།
ཁྱོད་ཀྱིས་བཤད་ན། དུས་ཚོད་མང་པོ་ཞིག་གིས།
བརྩེ་དུང་རླུང་གིས་འཁུར་མྱོང་།
མེ་ཡིས་འཚིག་མྱོང་།
ཉི་འོད་ཀྱིས་བརྐུས་མྱོང་།
ཐ་ན་སྤྲིན་དཀར་གྱིས་ཀྱང་བརྙས་བཅོས་བྱེད།
ད་ལྟ། རྨ་ཁ་རིམ་གྱིས་སོས་བཞིན་པའི་སྐབས་ཤིག་སྟེ།
ལམ་དེར་འཇུག་འདོད་ཀྱི་ཡི་ག་མེད་ཟེར།
ཚོད་དཔག་རེ་བགྱིས་ན། དུས་ཚོད་ཀྱི་རིན་ཐང་མི་ཤེས་པའི་ཤན་པ་དེ་དག་གིས།
ཁྱོད་ཀྱི་མཛེས་སྡུག་གམ་འབྱོར་བ་གང་ཞིག་ལ་ཧམ་པ་ལས།
ཁྱོད་ལ། ཕྱི་གསལ་ནང་གསལ་གྱི་སེམས་ཤིག་འབུལ་མྱོང་མེད་པ།
དུས་ཚོད་དེ་དག་གི་སྔོན་འགྲོ་ཙམ་བཀླགས་རྗེས་ཤེས་ཡོང་།
ང་ནི། མི་དེ་དག་དང་བསྡུར་ཐབས་ཡེ་ནས་མི་འདུག་སྟེ།
དེ་བཞིན། ངས་ཁྱོད་ལ་བཅངས་པའི་བརྩེ་དུང་ནི།
རྨི་ལམ་ལྟ་བུའི་མཚན་ནམ་གང་རུང་ཞིག་མ་ཡིན་པར།
ལུས་དང་གྲིབ་མ་བཞིན་འདྲེས་པའི་རྟག་བརྟན་གྱི་རྒྱུ་ནོར་དེ་ཡིན།
ངས་ཁྱོད་ལ། སུས་ཀྱང་སྟེར་མྱོང་མེད་པའི་དབྱར་ཁ་ལྟ་བུའི་ང་ཡི་སེམས་པ་འཁྱེར་ཡོང་།
སུས་ཀྱང་བླངས་མྱོང་མེད་པའི་མགུར་གླུ་ལྟ་བུའི་སྒྲ་སྙན་གྱི་འཇིག་རྟེན་བསྐྱལ་ཡོང་ངེས།
ཐོས་མྱོང་མེད་པའི་དུས་ཚོད་ཀྱི་གདངས་དབྱངས་གཞན་ཞིག་གི་བརྡ་རྟགས་འབུལ་ལོ།
དེ་དག་གིས་ཕྱིར། ཁྱེད་ཀྱིས་བདེ་སྐྱིད་གཞན་ཞིག་གི་མྱོང་བ་ཚོར་ཐུབ་ཀྱང་།
འུ་གཉིས་ཀྱིས། གནམ་འོག་འདི་ནས་བརྩེ་བའི་དགོད་སྒྲ་དང་།
སྒེག་པའི་ཉམས་ཀྱིས་གསང་བའི་ཁྱིམ་གཞི་གཞན་ཞིག་བསྒྲིགས་ན་ཅི་མི་ཆོག
བདེན་པའི་གཏམ་ལ་ཐེ་ཚོམ་གྱི་དྲ་བ་མ་སྒོམ།
དུང་བའི་མིག་ལ་ཡིད་ཆེས་ཀྱི་མིག་ཞགས་ཕོངས་དང་།
འཇིག་རྟེན་འདིར།
སོང་ནས་རྫོགས་རྒྱུ་མེད་པའི་ལམ་ཞིག་མེད་ཅིང་།
བཙལ་ནས་མི་རྙེད་པ་ཞིག་ཡོད་མི་སྲིད།
ཁྱེད་རང་མཐོང་བའི་དུས་ནས་བཟུང་། བདག་གིས།
དབྱར་ཁ་ལྟ་བུའི་བུ་མོ་ཁྱེད་ཀྱི་སེམས་ལྗོངས་ཉུལ་ནས།
སྤྲིན་དཀར་གྱི་རང་དབང་དང་།
དུས་ཚོད་ཀྱི་གླུ་སྒྲ།
མེ་ཏོག་གི་ཚེ་སྲོག
མ་འོངས་པར་སེམས་ཁྲལ་ཡང་ཡང་བྱེད་དགོས་ཨང་། །
འཕུར་ལྡིང་གི་གཤོག་རྩལ། ཤེས་བྱས་པར་བླངས།
展翅飞翔 图 / 西夏