藏彝走廊自古以来是藏缅语族诸民族的交通要道与众多民族交汇融合之所。在这条峰峦重叠、河谷深邃的群山峡谷中,历史悠久的尔苏藏族文化是藏彝走廊大文化圈中的一朵奇葩,这一地区处于青藏高原的东部边缘,是汉藏文化的交汇带。尔苏藏族散居于四川省雅安地区和凉山州的石棉、汉源、冕宁、甘洛和越西等县,在漫长的历史文化进程中,尔苏藏族在居住、婚丧、服饰、语言等方面形成了自己独特的文化特征。
ཁྱད་མཚར་བའི་ཨར་སུའུ་བོད་པའི་རྒྱན་གོས། ཀྲུའུ་ཨན་གྱིས་པར་མཁོ་འདོན་བྱས།
独特的尔苏藏族服饰 图 / 周安提供

ཨར་སུའུ་ཞེས་པ་ནི་ཨར་སུའི་ཡུལ་སྐད་བེད་སྤྱོད་བྱེད་བཞིན་ཡོད་པའི་བོད་རིགས་ཀྱི་ཚོ་པ་ཞིག་ཡིན་ཞིང་། དོན་དུ་མི་དཀར་པོ་ཞེས་པའི་དོན་ཡིན་པར་བཤད། ཡང་ཁ་ཤས་ཀྱིས་གནམ་ཞི་ཞེས་འབོད་བཞིན་འདུག་ལ། གནམ་གྱི་ཞི་ལུ་ཞེས་དོན་ལ་གནམ་གྱི་བུ་ཞེས་པའི་དོན་ཡིན། སྔོན་ཆད་རྒྱའི་སྐད་དུ་西番ཞེས་འབོད་ཅིང་ནུབ་བོད་ཅེས་པའི་དོན་སྟོན། ཨར་སུའུ་བོད་སྡེའི་ཁྱབ་ཁོངས་གཙོ་བོ་དེ་བོད་ཆའང་དབྱིས་ཐོན་ལས་རིག་གནས་བར་ཁྱམས་ཀྱི་ཤར་མཐའི་མཚམས་སུ་ཡོད་ཅིང། རིག་སྨྲ་བ་རྣམས་ཀྱི་དགོངས་ཚུལ་ལྟར་ན། བོད་ཀྱི་ཚོ་ཁག་གསུམ་གྱིས་བོད་ཀྱི་ཨར་སུའུ་ཡི་ཡུལ་སྐད་བེད་སྤྱོད་གཏོང་བཞིན་ཡོད་ལ། ཨར་སུའུ་ཡི་ཡུལ་སྐད་ལ་ནང་གསེས་སུ་རིགས་གསུམ་དགར་ཡོད་ཅིང་། ནུབ་ཁོངས་ཀྱི་ཡུལ་སྐད་བེད་སྤྱོད་གཏོང་བཞིན་ཡོད་པའི་ལི་རུའུ་བོད་པའི་མི་གྲངས་ཕལ་ཆེར་7000ཡོད་ཅིང་། དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་དང་ལའང་ཧྲན་ཁུལ་གྱི་མུ་ལི་དང་མེན་ཉིང་རྫོང་བཅས་སུ་འཚོ་སྡོད་བྱས་ཡོད། དབུས་ཁོངས་ཀྱི་ཡུལ་སྐད་བེད་སྤྱོད་བཞིན་ཡོད་པའི་མདོ་ཞེད་བོད་པའི་མི་གྲངས་2000ལའང་སླེབས་མི་ཐུབ་ལ་མེན་ཉིང་རྫོང་གི་ཤར་རྒྱུད་དུ་འཚོ་སྡོད་བྱས་ཡོད། ཨར་སུའུ་བོད་སྐད་ལས་ཤར་ཁོངས་ཀྱི་ཡུལ་སྐད་བེད་སྤྱོད་གཏོང་བཞིན་ཡོད་པའི་ཨར་སུའུ་བོད་པའི་མི་གྲངས་16000ལ་ཟིན་ཡོད་ཅིང་། གཙོ་བོ་ལའང་ཧྲན་ཁུལ་གྱི་ཀན་ལུའོ་དང་། ཡུའེ་ཞི། གཡག་རྔ་ས་ཁུལ་གྱི་ཧྲི་མན་དང་། ཧན་ཡོན་བཅས་རྫོང་ཁག་བཞི་རུ་འཚོ་སྡོད་བྱས་ཡོད།
ཨར་སུའུ་བོད་སྡེ་ནི་དར་གོས་ལམ་བུའི་ལྷོ་རྒྱུད་ཀྱི་གནའ་བོའི་ས་ཚུགས་ལས་ལི་ཀན་གནའ་ལམ་གྱི་ས་ཁུལ་དུ་གཏོགས་ཤིང་། ལོ་རྒྱུས་ཐོག་ཏུ་ཆུ་རྒྱུད་དུ་གནས་བདུན་གྲོང་མཁར་ཞེ་བརྒྱད་ཅེས་བགྲངས་པའི་གྲས་ཀྱི་གྲོང་མཁར་ཉེར་དགུ་རུ་བརྩིས་ཡོད། ཀན་ལུའོ་དང་ཡུའེ་ཞི་རྫོང་གཉིས་ཀྱི་ཨར་སུའུ་བོད་པ་རྣམས་ལམ་ཆེན་མཁར་རྫོང་ལྔ་ཡི་ནང་གི་མཁར་རྫོང་གཉིས་སུ་གཏོགས།
ཚང་ཚིང་འཁྲིགས་པའི་ནགས་ཀླུང་དང་། ཕུ་ཐག་རིང་བའི་ལུང་ཁུག་ཏུ། ལོ་ངོ་བརྒྱ་སྟོང་རིང་ལ་ཁུ་སིམ་མེར་འཚོ་བ་རོལ་བཞིན་པའི་ཨར་སུའུ་བོད་རིགས་རྣམས་ནི་ཕྱི་ཕྱོགས་དང་འབྲེལ་འདྲིས་མེད་པའི་རྐྱེན་གྱིས་ཁོ་ཚོའི་འཚོ་བ་ལ་རྒྱུས་མངའ་ཡོད་མཁན་ཧ་ཅང་ཉུང་། དེ་བས་ཨར་སུའུ་ཡི་ཡུལ་སྐད་ཀྱང་ཁོ་ཚོ་ཕན་ཚུན་བར་དུ་སྤྱོད་པ་ལས་གཞན་པར་སྐད་བརྡ་སྤྲོད་བྱེད་གཙོ་བོ་དེ་རྒྱ་སྐད་དང་དབྱིས་སྐད་ཆགས་སྟབས་ས་གནས་དེ་གའི་རྒྱ་རིགས་དང་དབྱིས་རིགས་མང་ཚོགས་ཀྱིས་ཨར་སུའུ་བོད་པ་ལ་སྨྲ་ལྕེ་གསུམ་ལྡན་ཞེས་འབོད་ལ། རྒྱུ་མཚན་ནི་ཁོ་ཚོས་སྐད་རིགས་གསུམ་སྨྲ་ཤེས་ཞེས་པའི་དོན་རེད།
ཨར་སུའུ་བོད་པའི་སྐོར་ཆེད་དུ་བཀོད་ཡོད་པའི་ལོ་རྒྱུས་དེབ་ཐེར་དེ་སྔ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ཀྱང་། ཆིན་རྒྱལ་རབས་སྐབས་སུ་རྩོམ་སྒྲིག་བྱས་པའི་ས་གནས་ཀྱི་ལོ་རྒྱུས་《ཡུའེ་ཞི་ཡི་ལོ་རྒྱུས་ཀུན་འདུས། 》ཞེས་པར་ཨར་སུའུ་བོད་པའི་སྐོར་ཐར་ཐོར་འགའ་མཐོང་རྒྱུ་ཡོད་དེ། ཨར་སུའུ་བོད་པས་རང་གི་རུས་ཀྱི་ཡོང་ཁུངས་གཞན་ལ་མི་སྨྲ་བའི་གོམས་གཤིས་དང་མེས་པོའི་བསླབ་བཀོད་ཡོད་ཅིང་། རང་གི་རུས་ཀྱི་གལ་ཆེའི་དོན་རྐྱེན་དང་གནས་སྤོའི་ལམ་ཕྱོགས་སོགས་ལ་ལྷག་པར་དུ་སྦ་གསང་བྱེད་སྲོལ་ཡོད་སྐད། ཕྱི་ཕྱོགས་ཀྱི་ཨར་སུའུ་བོད་པ་དེ་གང་ནས་ཡོང་བ་མི་ཤེས་ཤིང་། རང་གི་ནང་ཁུལ་གྱིས་ཀྱང་དོན་དངོས་ཤེས་མཁན་ཉུང་བས་རུས་འདིའི་ཡོང་ཁུངས་གསལ་ཆ་མེད་པས་ཨར་སུའུ་བོད་པ་དེ་བས་ཁྱད་མཚར་བ་དང་རྟོགས་དཀའ་བའི་ཚོ་བ་ཞིག་ཏུ་གྱུར། འགའ་ཞིག་གིས་ཁོ་ཚོ་ནི་ནུབ་ཕྱོགས་ནས་ཡོང་བ་ཡིན་ལ་ཐུ་བྷོའི་རྗེས་རབས་པ་ཡིན་ཟེར། ཡང་རེ་འགས་ཁོ་ཚོ་ནི་བྱང་ནས་ཡོང་བ་ཡིན་ཞིང་གནའ་བོའི་ཆའང་གི་རུས་ཡིན་རབས་གླེང་། ད་དུང་ཁོ་ཚོ་ནི་ཤར་ནས་ཡོང་བ་ཡིན་ཞིང་གནའ་བོའི་ཧྲུའུ་རྒྱལ་ཁབ་ཀྱི་འབངས་མི་ཡིན་ཞེས་གླེང་མཁན་ཡོད། ཨར་སུའུ་བོད་པས་དཀྱིལ་དབུས་སུ་གནས་གཞི་བཟུང་ཡོད་ཅིང་། ཤར་དུ་ཧན་ཏི་རྒྱལ་པོ།(sha qo nzza ssa hbu)ལྷོ་རུ་དབྱིས་རིགས་ཀྱི་ཁྱིམ་གཞིས།(lho qo nwa nyivar)བྱང་དུ་བོད་མི་ཉག(zawa pryi ro nddre)དཀྱིལ་དུ་ཨར་སུའུ་རྒྱལ་པོ་ཞེས་འབོད།
ས་གནས་ཀྱི་ཁྱད་ཆོས་མཚོན་པའི་མཆོད་འབུལ་ཞབས་བྲོ། ཝང་ཞོན་གྱིས་པར་བླངས། ཆེ་བཀུར་ཆུང་བྱམས་ཀྱི་རིག་གནས་ནི་ཨར་སུའུ་རིག་གནས་ཀྱི་སྲོག་ཤིང་རིན་ཐང་གི་མ་ལག་ཡིན།ཀྲུའུ་ཨན་གྱིས་པར་མཁོ་འདོན་བྱས།
具有浓郁民间特色的祭祀舞蹈 图 / 王轩 孝悌文化是尔苏文化的核心价值体系 图 / 周安提供
ཨར་སུའུ་བོད་པའི་སྐད།
ཨར་སུའུ་བོད་པའི་ཡུལ་སྐད་དེ་ཆེས་དམིགས་བསལ་ཅན་ཞིག་ཡིན་ལ། བརྡར་བ་དང་ལྡེམ་པའི་སྒྲ་དང་ལྡན་ཞིང་། ད་དུང་དབྱངས་ཀྱིས་གསལ་བྱེད་འདྲེན་ནས་འདུར་བའི་སྒྲ་འདོན་པའི་རྣམ་པ་མང་། བོད་ཀྱི་ཡུལ་སྐད་བྱིངས་ཀྱི་ནང་དང་མི་རིགས་ཀྱི་སྐད་ཡོངས་རྫོགས་ལས་སྒྲ་འབྱིན་རྙོག་འཛིང་ཆེས་ཆེ་བའི་སྐད་རིགས་ཤིིག་ཡིན། ཨར་ཧྲུའུ་མཆོད་དཔོན་གྱིས་སྤྱོད་བཞིན་པའི་པར་རིས་སྦྲགས་མའི་ཆོས་གཞུང་ཡི་གེ་དེ་ཡི་འཕེལ་རྒྱས་ཀྱི་རིམ་པ་དེ་སྟོན་པ་རིག་གནས་ལས་ཀྱང་སྔ་བའི་གནའ་བོའི་ཡིག་ཆ་ཞིག་ཡིན། སྐད་བརྡ་རིག་པའི་འགྲོས་ལྟར་ན་བོད་ཀྱི་གནའ་བོའི་བརྡ་རྙིང་སྤྱོད་བཞིན་ཡོད་པ་སྨོས་མེད་རེད།
ཨར་སུའུ་བོད་པའི་རྒྱན་གོས།
ཨར་སུའུ་བོད་པའི་རྒྱན་གོས་ལ་རོང་སའི་ས་ཁུལ་གྱི་ཞིང་ལས་དཔལ་ཡོན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་འདོན་ཡོད་ལ། ཚོན་མདངས་རྣམ་པར་བཀྲ་ཞིང་། ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་མགོ་རས་དཀར་པོ་དཀྲིས་པ་ཤུགས་ཆེ་ཞིང་། དེའི་ནང་ནས་གཞོན་སྐྱེས་ཚོས་མགོ་རས་དཀར་པོ་དང་། རྒན་པ་ཚོས་མགོ་རས་ནག་པོ་དཀྲིས་པའི་ལུགས་དར་ཁྱབ་ཆེ། བུད་མེད་ཀྱི་གོས་རྒྱན་ལས་མགོ་རས་དཀར་པོ་དཀྲིས་པ་དང་། མཐའ་རུ་མུ་ཏིག་ཕྲེང་བ་དང་དངུལ་རྒྱན་གྱིས་བརྒྱན་ཡོད། རྣ་རྒྱན་ལ་བྱུ་རུ་དང་གཡང་ཊིའི་རིགས་མང་ཞིང་། ཐོད་པར་དངུལ་རྒྱན་དྲ་བ་དཔྱངས་པ་དང་གཡང་ཊིའི་རིགས་ཀྱི་ཕྲེང་བས་བརྒྱན་པས་མགོ་རྒྱན་སྣ་ལྔ་ཞེས་འབོད་སྲོལ་ཡོད། སྲོལ་རྒྱུན་གྱི་བུད་མེད་རྒྱན་གོས་ལ་ཆ་གསུམ་དུ་དགར་ཡོད་པ་སྟེ། ནང་དུ་ཕུ་དུང་རིང་པོའི་ཚི་ལེན་དང་། དཀྱིལ་དུ་ཕུ་དུང་ཐུང་ཞིང་ཞེང་ཆེ་ལ་སྔོན་ཐུང་ཞིང་རྗེས་རིང་བའི་ལྭ་བ་ཞིག་ཡིན། ཕྱིའི་གོས་ནི་གོང་བ་དང་ཕུ་དུང་མེད་པའི་སྟོད་འགག་ཞིག་ཡིན། ཨར་སུའུ་བུད་མེད་ཀྱི་སྨད་ཀྱི་གོས་རྒྱན་ཆ་གསུམ་ནི་དོར་མ་རིང་པོ་དང་། སྐ་རགས་ཚོན་ཁྲ་ཅན། ཟུར་གསུམ་ཁུག་མ་འཚེམ་དྲུབ་ཅན་བཅས་ཡིན། རྒྱུན་པར་དོར་མ་གྱོན་ལ་དགུན་དུས་གྲང་ངར་ཆེ་སྐབས་ཆགས་བརྒྱའི་ལྭ་རིང་གྱོན་པའི་སྲོལ་ཡོད། གོང་བ་དང་ཕུ་དུང་། དོར་མའི་སྟེང་དུ་ཚོན་མདངས་རྣམ་པར་བཀྲ་བའི་འཚེམ་དྲུབ་རི་མོ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཡོད། ཨར་སུའུ་སྐྱེས་པས་སྔོན་ཆད་དོར་མ་ཁ་ཞེང་ཆེན་པོ་ཅན་གྱོན་ཞིང་། དབྱིན་ཏན་རས་སྨི་7གྱིས་དོར་མ་བཟོས་པ་རེད། ད་དུང་རྐང་པར་རྐང་དཀྲིས་བྱས་ཡོད། ད་ལྟ་རིམ་པར་འགྱུར་ནས་ཁ་ཞེང་ཆུང་བའི་དོར་མ་གོན་སྲོལ་ཆགས། ཨར་སུའུ་སྐྱེས་པའི་མགོ་རས་དཀར་པོ་དཀྲིས་ཤིང་ནང་གོས་ཚི་ལེན་ཡིན། སྟོད་འགག་བྲང་ཞེང་མཐུག་ཞིང་ཕྲག་ཞེང་ཆེ་བ་ཡིན། དེ་མཚུངས་སུ་སྐ་རགས་ཚོན་ཁྲ་ཅན་དཀྲིས་ཡོད། རེ་འགས་རྣ་བར་མུ་ཏིག་ཁྲ་བོ་5ནས་7གྱིས་གྲུབ་པ་ཞིག་འདོགས་སྲོལ་ཡོད། ད་དུང་རྣ་བ་གཡོན་པར་འགྲོན་བུ་འདོགས་སྲོལ་ཡོད། སྐྱེས་པའི་རྒྱན་གོས་ལ་གོང་བ་དང་ཕུ་ཐུང་། དོར་མའི་སྟེང་དུ་རི་མོ་སྣ་ཚོགས་འཚེམ་དྲུབ་བྱས་ཡོད་ལ། ཚོན་མདངས་དེ་ཙམ་ཁྲ་བོ་མིན་ལ་བྱིས་པའི་གོས་རྒྱན་དེ་དར་མའི་གོས་རྒྱན་གྱི་བསྡུས་གཟུགས་ཤིག་ཡིན།
ཨར་སུའུ་བོད་པའི་སྲོལ་རྒྱུན་དུས་སྟོན།
ཨར་སུའུ་བོད་པའི་སྲོལ་རྒྱུན་གྱི་དུས་ཆེན་མང་པོ་ཡོད་ལ། ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་གྱི་ཟླ་གོར་དུས་ཆེན་དང་། (lhabbar)གསུམ་པའི་ཚེས་གཅིག་ཉིན་གྱི་མདའ་རྩེད་དུས་ཆེན།(tro le ngu)དྲུག་པའི་མར་ངོའི་ཚེས་གཅིག་ཉིན་གྱི་དཔལ་འབར་དུས་ཆེན། དགུ་པའི་ཚེས་གཅིག་ཉིན་གྱི་བྱ་མཆོད་དུས་ཆེན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཨར་སུའུ་ལོ་སར། བཅུ་གཉིས་པའི་དཔྱིད་གསར་དུས་ཆེན་སོགས་ཡོད། དུས་ཆེན་རྣམས་མེས་པོ་གོང་མའི་ཤུལ་བཞག་དང་དམངས་སྲོལ་རིག་གནས་གྱི་འགྲེམ་སྟོན་གཙོ་བོ་ཡིན། ནང་དོན་གཙོ་བོ་ནི་གོང་མ་དང་གཞི་བདག་ལ་མཆོད་འབུལ་ཞུ་བ་དང་། སྔོན་བྱོན་གོང་མ་ལ་བཀའ་དྲིན་ཞུ་བ་དང་ཡུལ་ལྷ་གཞི་བདག་ལ་གཏང་རག་འབུལ་བ། རང་བྱུང་ཁམས་ལ་བཀའ་དྲིན་ཞུ་བ་སོགས་ཀྱི་ནང་དོན་འདུས་ཡོད། འདི་ནི་མེས་པོ་གོང་མ་ལ་དད་གུས་དང་ཡུལ་ལྷ་གཞི་བདག་ལ་དད་གུས། རྡོ་དཀར་པོ་ལ་དད་གུས་བྱེད་པའི་རིག་གནས་ཤུལ་བཞག་ཡིན་པས་ཨར་སུའུ་བོད་པས་མེས་པོ་གོང་མ་ལ་དད་གུས་དང་། སྐྱེ་དངོས་ཡོངས་རྫོགས་སྲོག་ལྡན་ཡིན་པར་ངོས་འཛིན་པའི་ས་གནས་རང་གི་དད་ཞེན་འདི་ནི་བོན་ལུགས་ཀྱི་ཁོངས་སུ་གཏོགས་སོ།།
ཨར་སུའུ་བོད་པའི་གླུ་གར།
ཨར་སུའུ་བོད་པ་གར་དང་གླུ་ལ་བྱང་ཞིང་། ཨར་སུའུ་ཡི་གླུ་གཞས་ལ་གདངས་དབྱངས་དང་གྲུབ་ཚུལ་མཐའ་གཅིག་ཏུ་གཏན་འཁེལ་མེད། ཅི་དགར་དབྱངས་སུ་གྱེར་ཆོག་ལ་ཅི་མཐོང་ན་ནང་དོན་དུ་འཛིན་ནས་སེམས་ཀྱི་ཚོར་འདུ་གདངས་དབྱངས་སུ་བཀུག་ཆོག གླུ་ཡི་རྣམ་པ་ལ་ལ་གླུ་དང་མཛའ་གཞས། གཉེན་སྟོན་གླུ། སྐྱོ་གླུ་སོགས་རིགས་མང་པོ་ཡོད། ལ་གླུ་ནི་རི་མགོ་དང་ཞིང་སར་བླངས་པའི་གླུ་ཡིན་ལ། གཉེན་སྒྲིག་དགའ་སྟོན་དང་། འདུ་འཛོམས་སྤྲོ་སྐྱིད་སོགས་ཀྱི་སྐབས་སུ་བླངས་པ་རེད། སྤྱིར་བཏང་བཤད་ན། གླུ་ཚིག་ཐམས་ཅད་ཟུང་ལྡན་ཡིན་ལ་ཚིག་ཐོག་མའི་དཔེ་དང་ཚིག་རྗེས་མ་དཔེ་ཅན་ཡིན། སྐྱེས་པའི་ཁེར་ལེན་དང་བུད་མེད་ཁེར་ལེན། སྐྱེས་པ་དང་བུད་མེད་མཉམ་ལེན་དང་གླུ་ཤགས་སོགས་ཀྱི་དབྱེ་བ་ཡོད། སྤྱིར་བཏང་མཛའ་གཞས་ལ་མངོན་གསལ་གྱིས་ལེན་པའི་སྲོལ་མེད་ཅིང་གདངས་གཅིག་མཚུངས་ཡིན་ཞིང་ཚིག་ལ་ངེས་གཏན་མེད། གཉེན་སྟོན་གླུ་ནི་གཉེན་སྟོན་གྱི་ཆོ་ག་སྤེལ་སྐབས་དབྱངས་སུ་བཀུག སྐྱོ་གླུ་ནི་གཙོ་བོ་ཕ་མ་དང་གཉེན་ཉེ་དྲན་པའི་སྐྱོ་བ་དང་། ཕ་ཡུལ་དྲན་པའི་སྐྱོ་བ། འཚོ་བའི་སྐྱོ་ཤས་སོགས་མཚོན། དཔེར་ན་བུ་མོ་གནས་ལ་འགྲོ་བའི་ཉིན་མོར་སྐྱོ་གླུ་ལེན་པ་དེ་ནི་བྱིས་པ་གཉོར་སྐྱོང་བྱས་ནས་ནར་སོན་པ་དེ་དཀའ་ཁག་ཆེ་བ་དང་ཕ་མས་རང་ཉིད་བྱམས་སྐྱོང་བྱས་པར་བཀའ་དྲིན་དྲན་པ་མཚོན་ཡོད། ཨར་སུའུ་ཡི་ཞབས་བྲོ་ལའང་མཆོད་འབུལ་ཞབས་བྲོ་དང་ངལ་རྩོལ་བྲོ། མཆོད་ཆང་བྲོ་སོགས་རིགས་བཅུ་གྲངས་ཤིག་ཡོད་ཅིང་རོལ་རྩེད་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཚད་མཐོན་པོར་ཡོད་དོ།།
ཨར་སུའུ་བོད་པར་ད་དུང་ནང་དོན་ཕུན་སུམ་ཚོགས་པའི་དམངས་ཁྲོད་སྒྲུང་གཏམ་དང་ལྷ་སྒྲུང་མང་པོ་ཡོད་ཅིང་། དེང་དུས་སུ་ཧ་ཅང་དར་ཁྱབ་ཆེ་བ་ནི་བུ་མོ་སྤུན་གཉིས་ལྟ་བུ་སོགས་རེད།
གདོད་མའི་ནགས་ཀླུང་ཁྲོད་དུ་འཚོ་སྡོད་བྱེད་བཞིན་ཡོད་པའི་བོད་སྡེའི་ཚོ་བ་འདི་ཉིད་ལ་ད་དུང་མཐིལ་མ་བརྟོལ་བ་དང་ཁྱད་མཚར་བའི་ལོ་རྒྱུས་ཀྱི་གསང་བ་མང་པོ་ལྐོག་གྱུར་གྱི་དབྱིངས་སུ་ཡིབ་སྟེ་ལོ་ཟླའི་རླབས་རྒྱུན་དང་བསྡོངས་ནས་བཞུར་བཞིན་ཡོད་ལ། དུས་རབས་ཀྱི་དཀྱོག་མཚམས་འདི་ནས་ང་ཚོའི་མེས་པོ་གོང་མའི་ལས་དབང་ལ་ཐོད་དུ་བཀོད་ཡོད་པའི་ཚོ་བ་འདི་ཉིད་ལ་ཕྱོགས་དུས་བསམ་གཞིགས་སྟོང་དང་དྲི་བ་ཁྲི་ཡིས་ངའི་ཡིད་ཀྱི་སྒོ་གླེགས་ཡང་ཡང་དུ་བརྡུངས་བྱུང་། །
ངལ་རྩོལ་གྱི་ཞབས་བྲོ།། ཝང་ཞོན་གྱིས་པར་བླངས།
劳动舞 图 / 王轩
སྐྱེས་གཟུགས་མཛེས་པའི་ཨར་སུའུ་བུད་མེད། ཀྲུའུ་ཨན་གྱིས་པར་མཁོ་འདོན་བྱས།
美丽端庄的尔苏妇女 图 / 周安提供
དཔལ་འབར་དུས་ཆེན། ཝང་ཞོན་གྱིས་པར་བླངས།
欢庆火把节 图 / 王轩