
—— ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཡིན་ཞིང་། བགྲང་ལོ་70ཡི་ཡར་སྔོན་དུ། ཀྲུང་ཧྭ་མི་རིགས་ཤི་གསོན་ཆགས་འཇིག་གི་འགག་མཚམས་སུ་སླེབས་དུས། ཀྲུང་ཧྭའི་བུ་དང་བུ་མོ་རྣམས་དཔུང་པ་མཉམ་གཤིབ་དང་། རྡོག་རྩ་གཅིག་སྒྲིལ་གྱིས་ལངས་ཕྱོགས་བརྟན་པོས་འཇར་པན་གྱིས་རང་རྒྱལ་ལ་བཙན་འཛུལ་བྱེད་པར་ངོ་རྒོལ་བྱས། འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྐུལ་སློང་འོག་ཏུ། ཀྲུང་གོའི་ཆོས་ལུགས་ལས་རིགས་ཁག་དང་དད་ལྡན་མང་ཚོགས་ཚོ་དཔའ་ངར་ཆེར་སྐྱེད་ཀྱིས་འཇར་འགོག་གི་འཐབ་འཁྲུག་ནང་དུ་ཞུགས་ནས་མི་རིགས་ཆགས་འཇིག་གི་ཉེན་ཁར་ལས་སྐྱོབ་ཆེད་དཀའ་སྡུག་གི་རྔུལ་ཆུ་མང་པོ་བཞུར་མྱངས་ཡོད །
དེ་རིང་། ང་ཚོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་རྗེས་དྲན་དང་། འཇར་འགོག་དམག་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཞུ་བ་དང་དུས་མཚུངས་སུ་འཇར་འགོག་དམག་འཁྲུག་ལ་མཛད་རྗེས་དང་ནུས་ཤུགས་འབུལ་མྱངས་པའི་ཀྲུང་གོའི་ཆོས་ལུགས་ལས་རིགས་མི་སྣ་ཁག་ཀྱང་བརྗེད་དུ་འཇུག་མི་རུང་ངོ་། །
རྒྱལ་ཁབ་འཇིག་ཉེན་དང་མི་རིགས་ཆགས་འཇིག་ཡོང་བའི་ཉེན་ཁར་འཕྲད་དུས། བོད་བརྒྱུད་ནང་བསྟན་ཁག་ཀྱང་ཁུ་སིམ་མེར་མ་བཞུགས་པར། རྒྱལ་གཅེས་ཆོས་གཅེས་ཀྱི་བླ་སྤྲུལ་གང་མང་ཞིག་གིས་སྙིང་སྟོབས་ཆེན་པོ་དང་སྙིང་རྗེ་ཆེན་པོ། མི་འཇིགས་པ་སྟེ་ནང་ཆོས་ཀྱི་དགོངས་པ་ལྟར་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་དང་མཉམ་དུ། དགྲ་བོ་འགོག་རྒོལ་དང་། མཐུན་སྒྲིལ་མཉམ་འབྲེལ་སྒོས་དངུལ་སྒོར་དང་དངོས་རྫས་ཞལ་འདེབས་སུ་ཕུལ་བ་དང་། ཞལ་འདེབས་སྐྱབས་སྨོན་ཞུ་བ་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་འཇར་འགོག་ལ་རྒྱབ་སྐྱོར་བྱས་ཏེ་གཡུལ་སར་ཞུགས་པའི་དཔའ་རྒོད་རྣམས་དང་རྒྱལ་ཡོངས་མི་དམངས་རྣམས་ལ་སྤོབས་སེམས་སྦྱིན་ནས་འཇར་འགོག་དམག་འཁྲུག་མཐའ་མཇུག་ཏུ་རྒྱལ་ཁ་ཐོབ་པར་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་དུ་མི་རུང་བའི་གལ་ཆེའི་ནུས་པ་དང་རླབས་ཆེ་བའི་བྱས་རྗེས་བསུབ་ཏུ་མེད་པ་བཞག་ཡོད་དོ། །
པཎ་ཆེན་སྐུ་ཕྲེང་དགུ་པ། འཇར་འགོག་རྒྱལ་སྐྱོང་གི་ལས་ལ་ཐུགས་སེམས་གཞོལ།
པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག
九世班禅 图 / 本刊资料库
1931ལོའི་དགུ་གཅིག་བརྒྱད་ཀྱི་དོན་རྐྱེན་བྱུང་རྗེས་སུ། ནང་ས་རུ་ཆིབས་བསྒྱུར་གནང་ཡོད་པའི་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ནང་སོག་དེ་རང་རྒྱལ་གྱི་ཤར་བྱང་རྒྱུད་དང་འབྲེལ་ཡོད་པས་འཇར་པན་གྱིས་རང་རྒྱལ་ལ་བཙན་འཛུལ་བྱེད་པར་ནང་སོག་ལ་ངན་གཡོ་བཤམ་རྒྱུ་ཐུགས་སུ་ཤར་ནས་མྱུར་དུ་ནང་སོག་གི་ཧའེ་ལག་ཨེར་ནས་ཞི་ནི་གོ་ལེ་མོང་དུ་ཕེབས་ཏེ་འཇར་པན་དམག་གི་གདུག་རྩུབ་ཀྱི་བྱ་སྤྱོད་ཐེར་འདོན་བྱས་པ་དང་། ནང་སོག་གི་རྒྱ་ཆེའི་སེར་སྐྱ་མང་ཚོགས་རྣམས་ཀྱིས་འབད་པ་ཡོད་རྒུས་འཇར་འགོག་བྱེད་དེ་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་གནང་།
པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་ཉིད་ནང་སོག་གི་སེར་སྐྱ་མང་ཚོགས་ཁྲོད་དུ་མཚན་སྙན་དང་དད་གུས་ཆེན་པོ་ཡོད་སྟབས། འཇར་པན་གྱིས་ཐེངས་མང་པོར་དཀྲུག་ཤིང་རྒྱག་པ་དང་མཉམ་འབྲེལ་བྱ་རྒྱུའི་རྣམ་འགྱུར་སྟོན་ནས་ནང་སོག་དང་ཀྲུང་དབྱང་བར་ལ་ཁ་འཐོར་གྱི་རྣམ་པ་བསྐྲུན་ཐབས་བྱས། འོན་ཀྱང་། པཎ་ཆེན་སྐུ་ཕྲེང་དགུ་པས་བདེན་དོན་ནམ་ཡང་ཐུགས་སུ་འཆང་ནས་འཇར་པན་བཙན་འཛུལ་དམག་གི་ངན་གཡོ་ལ་ཁས་ལེན་མ་བྱས། ད་དུང་ཀྲུང་དབྱང་སྲིད་གཞུང་ལ་གློག་འཕྲིན་བཏང་ནས། འཇར་པན་བཙན་འཛུལ་དམག་གི་ངན་ཇུས་ལ་དགག་པ་ནན་མོ་བྱས། ལོ་རྒྱུས་ཡིག་ཚགས་ཁག་ལས་བཀོད་པ་ལྟར་ན། དགུ་གཅིག་བརྒྱད་རྒྱལ་ཁབ་ཀྱི་འཇིག་ཉེན་བྱུང་རྗེས། འཇར་པན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ནང་སོག་དང་ཀྲུང་དབྱང་བར་གཉིས་ལ་དཀྲུག་ཤིང་སྣ་ཚོགས་བྱས་མོད། འོན་ཀྱང་ནང་སོག་གི་དཔོན་དམག་རྣམས་ཀྱི་ལུས་སེམས་གཉིས་ཆར་གཡོ་འགུལ་སྤུ་ཙམ་མ་ཐེབས་པ་འདི་ནི་སྐུ་ཉིད་ཀྱིས་བཀའ་སློབ་ཀྱིས་ནུས་པ་ལས་གཞན་ཅི། དོན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན། 1933ལོར། གོ་མིན་སྲིད་གཞུང་གིས་པཎ་ཆེན་སྐུ་ཕྲེང་དགུ་པར་གཟེངས་རྟགས་སྤྲོད་པའི་བཀའ་རྒྱའི་ནང་དུ་རང་ནུས་བཏོན་ཏེ་ཉེན་ལས་བསྐྱབས། མཐའ་མཚམས་སྐྱོང་བའི་ལས་དང་འབྲེལ་ཞེས་བྲིས་ཡོད་ལ་འཇར་འགོག་གི་ལས་ཀར་བྱས་རྗེས་བླ་ན་མེད་པ་བཞག་ཡོད།
པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ད་དུང་འཇར་འགོག་དམག་འཁྲུག་གི་གཡུལ་སར་ཞུགས་ཡོད་པའི་འཇར་འགོག་དཔའ་བོ་རྣམས་ལ་དངུལ་སྒོར་དང་དངོས་རྫས་ཀྱིས་ཞལ་འདེབས་ཕུལ་ཡོད་པ་སྟེ། འཇར་འགོག་དམག་འཁྲུག་གི་སྔོན་དུ། ཁོང་གིས་ཐེངས་མང་པོར་སྲིད་གཞུང་དང་དམག་ཨུ་ལ་དམག་རྟ་བརྒྱ་ཕྲག་ཁ་ཤས་སྦྱིན་པ་དང་། 1937ལོའི་ཟླ་10པའི་ཚེས་28ཉིན། ཁོང་གིས་སྨན་བཅོས་འགྲོ་སོང་དངུལ་སྒོར་30000སྦྱིན་པ་དང་། ད་དུང་སྣེ་ཁྲིད་ནས་གཞུང་བུན་དངུལ་སྒོར་20000ཉོས། ལོ་དེའི་ཟླ་བ་11པའི་ཚེས་8ཉིན། ཁོང་གིས་ཡང་བསྐྱར་གཡུལ་སའི་དམག་མི་རྨས་མ་དང་སྐྱབས་འཆོལ་པ་རྣམས་ལ་དངུལ་སྒོར་2000གནང་སྦྱིན་བྱས།
1937ལོར། འཇར་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་འགོ་ཚུགས། པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་ཕྱིར་བོད་དུ་ཕེབས་པར་རྐྱེན་དུ་མས་ཁམས་སྐྱེ་རྒུ་མདོ་རུ་བཞུགས་དགོས་བྱུང་། ཁོང་ཉིད་ཀྱི་སྙུང་གཞི་ཧ་ཅང་ཚབས་ཆེན་དུ་འགྱུར། ཞིང་གཞན་དུ་གཤེགས་རན་ཁར་གྱི་ཉིན་ཁ་ཤས་སྔོན་དུ། གོ་མིན་སྲིད་གཞུང་ཁྲུང་ཆིང་དུ་གནས་སྤོ་བྱེད་དགོས་བྱུང་བ་དང་། རྒྱལ་ཁབ་དང་མི་དམངས་ཡོངས་རྫོགས་ཉེན་ཁར་འཕྲད་ཡོད་པ་མཁྱེན་རྗེས་སྐུའི་སྙུང་གཞི་ཚབས་ཆེན་ལ་མ་ལྟོས་པར་《ནུབ་རྒྱུད་མཐའ་མཚམས་ཀྱི་དམངས་ཡོངས་ལ་བསྒྲགས་པ།》ཞེས་པའི་རྒྱ་བོད་ཟུང་ལྡན་གྱི་བསྒྲགས་གཏམ་སྤེལ་ཏེ་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་མཐུན་སྒྲིལ་གཅིག་མཐུན་དང་། རྒྱལ་ཕྱོགས་བརྟན་བརླིང་བྱས་ཏེ་འཇར་འགོག་རྒྱལ་སྐྱོང་གི་བྱ་གཞག་འགྲུབ་ཐུབ་དགོས་པའི་ཐུགས་རེ་གནང་། གོ་མིང་སྲིད་གཞུང་གིས་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མར་རྒྱལ་ཁབ་སྐྱོང་བའི་དགེ་རྒན་ཆེན་པོ་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་པཎ་ཆེན་ཨེར་ཏི་ནི་ཞེས་པའི་མཚན་རྟགས་རྗེས་སྤྲོད་བྱས།
འཇར་འགོག་དམར་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་མི་དམངས་རྣམས་སྤྲོ་དགའི་དཔལ་ལ་རོལ་བཞིན་པ།
日本投降消息传出,重庆街头市民兴奋庆祝 图 / 四川巴蜀抗战史研究院提供
དཀོན་མཆོག་སྒྲོན་མེས་འཇར་དམག་གི་བཙན་འཛུལ་ལ་རྒོལ་བ།
རྟ་དམག་གིས་འཇར་འགོག་དངོས་པོ་སྐྱེལ་བ། 马帮驿运抗日物资 图 / 四川巴蜀抗战史研究院提供
1931ལོའི་ཟླ་9པའི་ཚེས་18ཉིན། འཇར་དམག་གིས་བྱང་ཤར་ས་ཁུལ་གྱི་ཧྲེན་དབྱང་ལ་བཙན་འཛུལ་བྱས། ཏཱ་ལའེ་བླ་མ་སྐུ་ཕྲེང་བཅུ་གསུམ་པས་འཇར་དམག་གིས་བྱང་ཤར་ས་ཁུལ་བཙན་འཛུལ་བྱས་པ་ཤེས་འཕྲལ་དགོན་སྡེ་སོ་སོའི་གྲྭ་བཙུན་ཁྲི་བཅུ་ལྷག་ལ་བཀའ་ཕབ་ཏེ་འཇར་འགོག་དམག་འཁྲུག་རྒྱལ་ཁ་ཐོབ་པར་སྨོན་འདུན་གནང་། ཁོང་གིས་ད་དུང་གྲྭ་བཙུན་འགའ་ནན་ཅིན་དུ་མངགས་ནས་གོ་མིན་སྲིད་གཞུང་ལ་བོད་ལྗོངས་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་པའི་སེམས་འདུན་གསལ་འདོན་བྱས།
སྐབས་དེར་ནན་ཅིན་དུ་སྡོད་པའི་བོད་ལྗོངས་སྤྱི་ཁྱབ་འཐུས་མི་དང་པེ་ཅིང་དུ་སྡོད་པའི་བོད་ལྗོངས་དོན་གཅོད་ཁང་གི་འགོ་བ་དཀོན་མཆོག་སྒྲོན་མེ་ཡིས་རྒྱལ་ཁབ་ཉེན་ཁ་ལ་འཁེལ་བའི་སྐབས་ཁམས་བོད་ཡུལ་གྲོགས་འཇར་འགོག་རྒྱལ་སྐྱོབ་ཚོགས་འདུ་བསྡུས་ཤིང་། ཐེངས་དེའི་ཚོགས་འདུའི་སྟེང་པཎ་ཆེན་སྐུ་ཕྲེང་དགུ་བའི་པེ་ཅིང་དོན་གཅོད་ཁང་གི་འགོ་བ་བློ་བཟང་རྒྱལ་མཚན་དང་རྒྱལ་ནང་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བཞིན་པའི་བླ་སྤྲུལ་ཁག་ཅིག་ནན་ཅིན་དུ་སློབ་གཉེར་བྱེད་བཞིན་པའི་བོད་ཀྱི་སློབ་མའི་འཐུས་ཚབ་སོགས་མི་40ལྷག་ཞུགས་པ་རེད། ཚོགས་ཐོག་ཏུ་རྒྱལ་ཡོངས་སྤུན་ཟླར་ཕུལ་བའི་ཞུ་ཡིག་ཅེས་པ་སྤེལ་ཏེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྤུན་ཟླ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་རྒྱལ་ཁབ་ཉེན་ཁ་ལས་སྐྱོབ་དགོས་པའི་འབོད་སྐུལ་བཏང་།
1938ལོར་འཇར་དམག་གིས་རང་རྒྱལ་ལ་བཙན་འཛུལ་བྱས་ཤིང་། གནམ་གྲུ་དང་མེ་སྒྱོགས་སོགས་ཀྱི་དྲག་ཆས་སྤྱད་པར་མ་ཟད། མི་རིགས་ཕན་ཚུན་བར་ལ་དཀྲུག་ཤིང་བཏང་། ལོ་དེའི་ཟླ་4པའི་ནང་སོག་པོ་དང་བོད། ཧུའེ་རིགས་སོགས་མི་རིགས་མང་པོས་ཝུའུ་ཧན་ནས་འཇར་འགོག་གཡུལ་དངོས་སུ་མཚམས་འདྲིར་བསྐྱོད་པའི་འབྲེལ་ཡོད་འཐུས་མི་རྩ་འཛུགས་བྱས། འཐུས་མི་ཚོགས་པས་ཞུས་ཀྲོའུ་གཡུལ་སའི་སྐྱེས་འབུལ་མཛད་སྒོའི་སྟེང་དཀོན་མཆོག་སྒྲོན་མེས་བོད་སྐད་ཀྱི་ལམ་ནས་བློ་སྤོབས་དང་གསོན་ཉམས་ཀྱིས་ཕྱུག་པའི་གསུང་བཤད་གནང་བ་དེས་དེར་འདུས་པའི་ཚོགས་མི་རྣམས་ཀྱི་ཡིད་སེམས་འགུག
ཁོང་གིས་ཝུའུ་ཧེན་གཡུལ་སར་འཇར་འགོག་དམག་མིར་མཚམས་འདྲི་བྱེད་སྐབས། བོད་ལྗོངས་དམངས་ཁྲོད་དུ་གྲགས་བཞིན་པའི་གཏམ་དཔེ་གཉིས་བཤད་པ་རེད། གཏམ་དཔེ་གཅིག་ནི་ཀྲུང་གོའི་མི་རིགས་སོ་སོ་ནི་སྤུན་ཟླ་ལྔ་ཡིན་ལ། རྒྱ་རིགས་ནི་ཕུ་བོ་ཡིན། གལ་སྲིད་ཕུ་བོ་ལ་གཞན་གྱིས་བརྙས་བཅོས་བྱས་ཚེ་ནུ་བོས་ངེས་པར་རོགས་རམ་བྱེད་དགོས་ཞེས་པ་དེ་ཡིན་ལ། གཅིག་ཤོས་ནི་ཀྲུང་གོ་ནི་མི་ཞིག་ཡིན་པའི་དབང་དུ་བཏང་ཚེ་དབུས་རྒྱུད་ནི་མགོ་དང་ས་ཁུལ་གཞན་དག་ནི་རྐང་ལག་ཡིན་པ་རེད། གལ་སྲིད་མགོ་ལ་ན་ཚ་བྱུང་ཚེ་རྐང་ལག་ཀྱང་སྐྱོན་ཅན་དུ་གྱུར་ངེས་ཞེས་པ་དེ་རེད།
དཀོན་མཆོག་སྒྲོན་མེ་མཆོག་འཇར་པན་གྱིས་ཀྲུང་གོའི་བསམ་བློ་གཞན་འགྱུར་དང་ཆོས་ལུགས་དབྱི་སི་ལན་དུ་གྱུར་བ། ནང་བསྟན་བག་ལ་ཞ་བར་དམིགས་ནས་ནང་བསྟན་དང་ཤར་ཕྱོགས་རིག་གནས་སྲུང་སྐྱོབ་བྱ་ཆེད་ཀྲུང་གོ་དང་དྲང་ཕྱོགས་ཀྱི་འཐབ་འཁྲུག་བསླངས་པ་ཡིན་ཕྱིན་ནང་བསྟན་ལ་དད་མོས་ཡོད་པའི་མི་རྣམས་འཇར་པན་གྱི་ཕྱོགས་ནས་ལངས་ཏེ་ཀྲུང་གོ་དང་འཐབ་དགོས་པ་དང་། ཀྲུང་གོ་དུས་ཡུན་ཐུང་ངུ་ནང་འཇར་པན་གྱི་བཙན་འཛུལ་བྱེད་ཐུབ་པ་སོགས་ཁྱབ་བསྒྲགས་ཀྱི་ཁ་གཏད་དུ་ལངས་ཏེ་འཇར་པན་ནི་དོན་དངོས་ཀྱི་ནང་བསྟན་དགོངས་དོན་དང་འགལ་བའི་བཙན་འཛུལ་བྱེད་མཁན་དང་ཀྲུང་གོས་རང་བདག་རང་སྐྱོང་གི་ཕུགས་འདུན་ལ་གཞོལ་ཏེ་དྲང་བདེན་གྱིས་བཙན་འཛུལ་བྱེད་མཁན་ལ་ངོ་རྒོལ་བྱས་པ་ཡིན་ཞེས་བསྟན་པར་མ་ཟད། ཁོང་གིས་ད་དུང་ཆོས་ལུགས་ཀྱི་གཞི་ཚུགས་ས་དྲང་བདེན་ཡིན་པ་དང་། འཇར་པན་གྱིས་ཡར་སྔོན་གྲྭ་བཙུན་མི་ཉུང་བ་ཞིག་ལྷ་སར་སློབ་གཉེར་དུ་མངགས་མྱངས་ལ། ད་ལྟ་འཇར་པན་ནང་ཆོས་ཀྱི་ལྟ་དགོངས་དང་འགལ་ཕྱིན་ཆོས་ལུགས་རང་ངོས་ནས་ཀྱང་བཀག་སྡོམ་བྱེད་དགོས་ཞེས་བསྟན།
ནའོ་ནཱ་ཧོ་ཐོག་ཐུས་རྒྱལ་ཡོངས་སུ་འཕྲིན་བཏང་ནས་འཇར་འགོག་གི་འབོད་སྐུལ་བྱས།
ནའོ་ནཱ་ཧོར་ཐུག་ཐུ།
诺那·呼图克图 图 / 本刊资料库
མིན་གོའི་དུས་སྐབས་སུ་མིང་གྲགས་ཤིན་ཏུ་ཆེ་བའི་བོད་ཀྱི་མི་སྣ་ནའོ་ནཱ་ཧོར་ཐོག་ཐུ་སྟེ་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་སྤྲུལ་བའི་སྐུ་རིན་པོ་ཆེ་ཁོང་ཉིད་འཇར་འགོག་དམག་འཁྲུག་གི་སྐབས་དེར་རྒྱལ་ནང་དུ་བཞུགས་སྡོད་བྱས་ཡོད་ལ། ཁོང་གིས་འཇར་འགོག་རྒྱལ་སྐྱོབ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
1931ལོའི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས། ནའོ་ནཱ་ཧོར་ཐོག་ཐུས་རྒྱལ་ཡོངས་སུ་འཕྲིན་གཏོང་བྱས་པ་བརྒྱུད། རང་ཉིད་ཀྱི་སེམས་གཏིང་གི་སྡུག་བསྔལ་མཚོན་པར་སྲིད་གཞུང་ལ་འཇར་འགོག་བྱེད་དགོས་པའི་རེ་བ་བཏོན། ཁོང་གིས་གསུངས་དོན། ཉེན་བརྡ་གྲགས་བྱུང་། ང་ཚོ་སུན་སྣང་སྐྱེ་བོའི་གནས་སུ་གྱུར་འདུག གནས་སྐབས་འདིར་སྲིད་གཞུང་གིས་མགྱོགས་མྱུར་དུ་རྒྱལ་ཡོངས་སུ་ཡོངས་རྫོགས་སྐུལ་སློང་གི་བཀའ་བསྒྲགས་ནས། འཇར་ཇག་མཐར་སྐྲོད་དང་རྒྱལ་ས་ཚུར་ལེན་བྱ་དགོས། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་འཛེམ་བག་གང་ཡང་མེད་པར་བཙན་འཛུལ་བྱེད་པར་ལྟོས་དང་། ཁོ་ཚོ་སྔར་ནས་འགྲམ་ཆུ་ལྡང་ཡོད་པས་འཆར་འགོད་ཞིབ་ཕྲ་ཞིང་གོ་རིམ་ཚགས་དམ་པའི་སྒོས་ཚུར་རྒོལ་བྱས་པ་མ་ཡིན་ནམ། འདི་ནི་རྒོལ་གཏམ་དང་གླེང་མོལ་ཙམ་མིན་ཏེ། རྒྱལ་ཁབ་འཇིག་ལ་ཉེ་བའི་སྐབས་འདིར་ང་ཚོར་ཚེ་སྲོག་གཏོང་ཕོད་ཀྱི་ཆོད་སེམས་གཏན་པོ་ཡོད་ཅེས་རེ་འབོད་བྱས། ཁོང་གིས་ད་དུང་ཧྲང་ཧའེ་སོགས་ས་ཆ་མང་པོར་ཆོས་ཚོགས་བསྡུས་ནས་འཇར་འགོག་རྒྱལ་བའི་གསོལ་འདེབས་ཤིས་བརྗོད་གྲངས་མེད་ཞུས། །
1945ལོའི་ཟླ་9པའི་ཚེས་9ཉིན། ནན་ཅིན་གྱིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ནས་འཇར་པན་དམག་དཔོན་གྱིས་ཕུལ་བའི་མགོ་འདོགས་ཡི་གེ་དང་ལེན་བྱས།
1945年9月9日,何应钦(左)在南京代表中国政府接受侵华日军总参谋长小林浅三郎递交的侵华日军总司令冈村宁次签署的投降书 图 / 新华社