
བསམ་བློ་ཇི་ལྟར་བཏང་ནའང་། ཚེ་སྲོག་གི་ལྗོན་པའི་སྟེང་ལ་འཕྱང་བ་ཡོད་ཚད་ནི་བརྩེ་དུང་གི་སྟོབས་ལས་འབུས་ཤིང་རྒྱས་འདྲའི། མི་ཡུལ་འདི་ཤིན་ཏུ་ཡག་དོན་ཡང་ང་དང་ཁྱོད་ཅེས་པ་དེ་ཡོད་པས་ཡིན་སྙམ། དེ་ལྟ་ནའང་། ད་ལྟ་ཁྱོད་རང་གཉོམ་དུང་གིས་ལྷག་འདུག་པའི་སྣང་བརྙན་གྱིས་ང་ལའང་སྐྱོ་གདུང་གི་དྲན་འཆར་སྣ་ཚོགས་བསྒོས་ཡོང་། དེ་བས། ཁྱོད་ཀྱི་རྒྱབ་ལོགས་སུ་ཁུ་སིམ་མེར་ཉན་ནས་འདུག་མཁན་གྱི་རྫི་བོ་དེ་ང་རང་ཡིན་སྙམ་ཡོད། མི་ཚེ་ནི་གཏིང་མཐའ་མི་དཔོག་པའི་ལྐོག་གྱུར་གྱི་གླེགས་བམ་མཐུག་པོ་ཞིག་ཡིན་དུ་ཆུག་ཀྱང་། དུང་བ་ནི་མར་ལོ་བཞིན་ཞུ་སླ་བའི་ངང་ཚུལ་འོ་ཇ་ཚ་མོ་དང་འཕྲད་པས་ལོས་ཡིན་སྙམ་བྱུང་། མདང་ནུབ་ང་ཁ་རོག་གེར་ཉལ་བ་ཡིན་པས། མལ་ཐུལ་ལས་ཁ་རོག་གེར་བསམ་བློ་བཏང་བ་ཡིན། ཁ་རོག་གེར་ཁྱོད་དྲན་པ་ཡིན། ཁྱོད་ཀྱི་སྐྱོ་གདུང་དང་སྡུག་ཡུས་དྲན་པར་བྱས་པ་ཡིན།
མདང་ནུབ་ང་ཁ་རོག་གེར་ཉལ་བ་ཡིན། ང་ཉལ་དུས་ཉི་མ་ནུབ་ཡོད་པ་ངས་རྟོགས་ཡོད། ཁྱོད་ཀྱི་ཡབ་ཆེན་ཁྱོད་ཀྱི་སེམས་ཁོང་གི་ཉི་མ་ཡིན་པའང་ཤེས་ཡོད། ཉི་མ་ནུབ་ཤུལ་གྱི་འཇིག་རྟེན་མུན་པ་ཡིན་པ་ནང་བཞིན། ཁྱོད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ད་ལྟ་མུན་པ་ཡིན་ངེས། དེ་བས། ངས་ཁྱོད་ལ་ཉི་ཟེར་དྲོན་མོ་ཞིག་སྦྱིན་ན་སྙམ། ངས་ཁྱོད་ལ་རེ་བ་དང་ཡིད་ཆེས་སྦྱིན་ཐུབ་ན་བསམ། བདག་གི་སྙིང་ཉེ་བའི་མི་ཨང་། ང་རང་ཁྱོད་ཀྱི་རྒྱབ་ལོགས་ཀྱི་མཚན་མོའི་ཀློང་ན་འགྲེངས་ནས་ཡོད་པ་མཐོང་བར་གྱིས། །