བདུད་རྩི་བུམ་གང་བྱོ་འདྲའི་སྤྲིན་དཀར་གྱི་ཕུང་བོ། །
མཁའ་ཡི་རྒྱན་དང་ང་ཡི་རྣམ་ཤེས་སུ་གྱུར་སོང་། །
མྱགས་མའི་དྲི་དང་བྲལ་བ་ཤེས་རབ་ཀྱི་རྩེ་མོ། །
དཔྱིད་ཀྱི་ལྗང་མྱུག་ཇི་བཞིན་སྐྱེ་སྟོབས་ཀྱིས་འབར་བ། །
རྗོགས་མཐའ་བྲལ་བའི་དུས་ཀྱི་བརླན་གཤེར་འདིའི་ངོགས་ན། །
གསེར་གྱི་གཤོག་པ་རྐྱོང་བའི་ཁྲུང་ཁྲུང་དེ་ཁྱེད་ཡིན། །
འུར་གྱིས་མཁའ་རུ་སྤུར་བའི་དུས་ཚོད་ཀྱི་མདའ་མོ། །
ལྔ་རིག་དར་གྱི་སྐུད་པར་ཁྱེད་ཉིད་ཀྱིས་འདོགས་ཐུབ། །
ཞོགས་པའི་ཉི་སེར་ཕ་གའི་གངས་རི་ལ་ཕོག་པ། །
སྲོག་གི་སྤོས་རྐང་དབྱངས་ཀྱི་སྤོས་ཕོར་ལ་བཙུགས་འདྲ། །
ལ་ཁའི་དར་ལྕོག་སྲུང་བའི་རྒན་པོ་ཁྱེད་ཡོད་པས། །
ནམ་མཁའི་བུ་མོའི་ཚེ་སྲོག་ལྕགས་ཐག་གིས་བཏགས་ཡོད། །
ཀ་ཁའི་རི་གླུ་ཁ་བཏགས་དཀར་པོ་དང་ལྷན་དུ། །
འབྲོང་གཡག་རི་ལ་གཤར་བའི་མཚེར་ཤུལ་དུ་ལུས་ཀྱང་། །
ང་ཡི་ལྟེ་ཐག་བཅད་དེ་ཟུངས་ཁྲག་གིས་སྦག་ཆོག །
སྐྱ་རེངས་ལག་པས་བླངས་ཏེ་ལྷན་པ་ཡང་བརྒྱག་ཐུབ། །
ཁྱེད་ལ་རྨ་འབྲི་ཆུ་བོའི་དུངས་སེམས་ཀྱིས་བརླན་པ། །
གྲུ་ཁེམ་ཤུལ་གྱི་རི་མོ་མཛེས་པ་དེའི་ཡིན་འགྲོ། །
ཁྱེད་ཀྱིས་ཆུ་འགྲམ་རེ་ལ་རྡེའུ་འབུམ་རེ་སྤུངས་པ། །
ཆུ་མོའི་བརྩེ་སེམས་ཤེས་པའི་དན་རྟགས་ཤིག་ལོས་ཡིན། །
ང་ཡི་ཕ་དང་མེས་པོ་ཁྱེད་ཉིད་ལ་དགའ་བ། །
ཁྱེད་ཀྱིས་བཀྲ་ཤིས་མཚན་མ་བསུས་པ་དེས་ཡིན་ནོ། །
ང་དང་ཕྱི་རབས་བུ་སྤུན་ཁྱེད་ཉིད་ལ་དུངས་པ། །
ཁྱེད་ཀྱིས་དབྱངས་དང་གསལ་བྱེད་སྲུང་བ་དེའི་ཡིན་སྲིད། །
བསྐལ་བའི་མེ་ལྕེ་སྲིད་པའི་སྒལ་སྟེང་ནས་འཕྱུར་ན། །
མཛའ་མོ་གངས་ཀྱི་བརྩེ་བ་ངེད་གཉིས་ཀྱིས་རུམ་ཆོག།
ང་ཡི་མིག་ཆུ་རྡོག་གཅིག་གངས་གསེང་དུ་ལྷུང་ན། །
ཉིད་ཀྱི་བརྩེ་བ་དཀར་པོ་གངས་རྩེ་རུ་སྒྲེངས་རོགས། །
ཁ་བཏགས་དཀར་པོ།
རྩོམ་པ་པོ། ནུབ་རླུང་། སྤེལ་དུས། 2016-10-25བཀླགས་གྲངས། 63005
རྩོམ་པ་པོ། ནུབ་རླུང་།
ཡོང་ཁུངས། ཁ་བཏགས་དཀར་པོ།