འཛུམ་མདངས་ཀྱིས་ཕྱུག་པའི་ཟླ་བ་སྒྲོལ་མ།།
心中的达娃姑娘
སྤྲིན་གྱི་ཁུག་མ་ཐད་པས། །ཉི་ཟླ་ས་ལ་ལྷུང་འདུག །
ནུ་མོ་གངས་དཀར་ལྷ་མོས། །འོད་ཀྱིས་ལག་པ་བཀྲུ་རེད། །གནམ་གྱི་རྫ་མ་ཆག་པས། །ཆར་ཆུ་སྤང་ལ་ལུད་འདུག །
ནུ་མོ་གངས་དཀར་ལྷ་མོས། །ཟིལ་བས་རྐང་བ་བཀྲུ་རེད། །
རྩྭ་ལྗང་ལོ་མའི་ཁུད་དུ། །རྐང་རྗེན་མེ་ཏོག་རྫི་མཁན། །
ནུ་མོ་གངས་དཀར་ལྷ་མོར། །འཇའ་ཡི་གདུ་བུ་ཡོད་རེད། །
སྔོ་སངས་ནམ་མཁའི་ཤོད་དུ། །ལག་རྗེན་སྤྲིན་པ་བསལ་མཁན། །
ནུ་མོ་གངས་དཀར་ལྷ་མོར། །ཉི་ཟླའི་རྣ་ཆ་ཡོད་རེད། །
གངས་དང་ནགས་རིའི་མཚམས་ནས། །ལུག་ཁྱུ་རི་ལ་གཏོར་ན། །
ནུ་མོ་གངས་དཀར་ལྷ་མོ། །སྙན་འཇེབས་རྫི་གླུ་ཡིན་རེད། །
སྤང་དང་མཚོ་མོའི་མཐའ་ནས། །བཞོན་འབྲི་རྡང་ལ་བསྒྲིག་ན། །
ནུ་མོ་གངས་དཀར་ལྷ་མོ། །བསུང་ཞིམ་འོ་དྲི་ཡིན་རེད། །
རི་མགོ་མཐོ་ལ་འཛེགས་ནས། །གཡང་དཀར་རྫི་གླུས་བསྐྱོར་ན། །
ནུ་མོ་གངས་དཀར་ལྷ་མོའི། །ལན་བུ་རླུང་བུས་ཤད་རེད། །
ཡངས་པའི་སྤང་ལ་བབ་ནས། །ཐུ་དཀར་བཞོ་གླུ་ཀློད་ན། །
ནུ་མོ་གངས་དཀར་ལྷ་མོའི། །འགྲམ་ཆུང་ཆར་པས་ཕྱི་རེད། །
སྦྲང་ཆུང་གླུ་ཡིས་འཁོར་ས། །བྱེ་ལེབ་བྲོ་ཡིས་འབབ་ས། །
ནུ་མོ་གངས་དཀར་ལྷ་མོ། །དྲུག་པའི་མེ་ཏོག་རེད་འདུག །
ཤིང་ལ་འདབ་ལོ་འདོགས་མཁན། །སྤང་ལ་མེ་ཏོག་འབྲི་མཁན། །
ནུ་མོ་གངས་དཀར་ལྷ་མོ། །དཔྱིད་འགོའི་རླུང་བུ་རེད་འདུག །