ང་དེ་རིང་མཚོ་སྔོན་པོའི་རྣ་ལུང་ཁ་ན་ཡོད།
མཚོ་སྔོན་པོའི་རྣ་ལུང་ཁ་ནས།
ངས་དངུལ་གྱི་རྣ་ལུང་འདོགས་པའི་ཨ་མ་དྲན་བྱུང་།
ཨ་མས་གནང་བའི་ལུས་པོ་མཚོ་སྔོན་པོའི་ནང་གི་གསེར་ཉ་རེད།
ཚེ་སྲོག་གནང་བའི་ཨ་མ་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རེད།
ང་དེ་རིང་མཚོ་སྔོན་པོའི་རྟ་ནག་གྲོང་ན་ཡོད།
པཎ་ཆེན་ལབ་ཙེའམ་པཎ་ཆེན་གནས་སྒོ་འདི་རུ།
ངས་གསེར་གྱི་གླེགས་བམ་ཁུར་བའི་ཨ་མ་དྲན་བྱུང་།
ཨ་མས་གནང་བའི་སེམས་རྒྱུད་འདི་ཨ་མའི་བླ་སྲོག་ཡིན།
སེམས་རྒྱུད་གནང་བའི་ཨ་མ་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རེད།
ང་དེ་རིང་མཚོ་སྔོན་པོའི་ཏཱ་ལའི་ན་ཡོད།
ཏཱ་ལའི་ཆུ་མགོ་ནས་ཆུ་ཧུབ་གང་འཐུང་རྗེས།
ངས་ཁུར་བོ་ལྕི་མོ་ཅན་གྱི་ཨ་མ་དྲན་བྱུང་།
ལེ་བར་སྟོང་གིས་ཆོད་པའི་ཨ་མ་དྲན་བྱུང་།
སེམས་དང་སེམས་པ་སྦྲེལ་བའི་ཨ་མ་དྲན་བྱུང་།
ངས་ཉ་མོ་ཁྲི་ཕྲག་གི་བདག་མོ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དྲན་བྱུང་།
ང་དེ་རིང་མཚོ་སྔོན་པོའི་ཤར་ཕྱོགས་ན་ཡོད།
ང་དེ་རིང་མཚོ་སྔོན་པོའི་ནུབ་ཕྱོགས་ན་ཡོད།
རྒྱང་རིང་གི་ཨ་མ་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རེད།
མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་རྒྱང་གི་ཨ་མའི་མིག་ཆུ་རེད།
ང་དེ་རིང་མཚོ་སྔོན་པོའི་ལྷོ་ཕྱོགས་ན་ཡོད།
ང་དེ་རིང་མཚོ་སྔོན་པོའི་བྱང་ཕྱོགས་ན་ཡོད།
མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་རྒྱང་རིང་གི་ཨ་མ་རེད།
རྒྱང་རིང་གི་ཨ་མའི་མིག་ཆུ་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རེད།
མཚོ་ཆེན་ཁྲི་ཤོར་རྒྱལ་མོ།
རྩོམ་པ་པོ། ཟླ་གཞོན།སྤེལ་དུས། 2016-10-25བཀླགས་གྲངས། 36525
རྩོམ་པ་པོ། ཟླ་གཞོན།
ཡོང་ཁུངས། ཁ་བཏགས་དཀར་པོ།