སྒམ་པོའི་ཐུགས་ཀྱིས་མཐའ་བཞིའི་རིག་གཞུང་སྦྲེལ། །
དཀར་ནག་རྒྱ་དང་ཏ་ཟིག་ལྷ་རྗེའི་རྣམས། །
ཐོག་མར་འདྲེན་མཛད་སྲོང་བཙན་སྒམ་པོ་རྗེ། །
གངས་ལྗོངས་གསོ་རིག་བདུད་རྩིའི་འཕྲུལ་འཁོར་ལ། །
ལུགས་ཆེན་གསུམ་གྱི་མི་འཇིགས་མཚོན་ཆས་བརྒྱན། །
རྟུག་འཇང་སྣེགས་རྨོངས་བོད་ཀྱི་ལྷ་རྗེ་བཞིས། །
དབུལ་ཕྱུག་དབྱེ་མེད་ནད་པའི་རིགས་ཀུན་གསོས། །
ཨོག་ཚོམ་དུས་སུ་བླ་དཔྱད་འཚོ་མདོ་ཞེས། །
རྒྱས་འབྲིང་བསྡུས་གསུམ་སྨན་གྱི་གཞུང་དག་དང་། །
རོ་བཀྲ་གསོན་ཐིག་བྱང་ཁོག་ཁྲོམ་མདོ་སོགས། །
དེ་དག་གང་བཞུགས་ཞིབ་རྒྱས་སྨྲོས་ཤིག་གུ།
རྒྱ་ཕྲུག་གར་མཁན་ཁྱུང་པོ་ལྕོག་ལ་སོགས། །
བོད་ཀྱི་མཁས་པས་སོ་མ་རཱ་ཛ་བརྩམས། །
ལྷ་དད་ཅན་གྱིས་འཇམ་དབྱངས་ཀླུ་སྒྲུབ་སོགས། །
རྩོམ་པོའི་རྫུན་ཁུངས་དཀར་ནག་རྒྱ་ལ་གཏུགས། །
ཞང་སྟོང་བྲང་གསུམ་དམག་གི་རྨ་བཅོས་མཁས། །
བཙན་པོའི་བཀའ་འཕྲིན་མཐའ་ཡི་རུ་སྒར་ཕེབས། །
རུ་ཆེན་སྨན་པ་ཕོ་བྲང་དབུས་སུ་དྲངས། །
ལྷ་ཡི་རྗེར་བཀུར་དབུ་ཡི་བླ་སྨན་གྲགས། །
ལོ་རྒྱུས་དོན་དངོས་ཡིག་ཚང་མལ་དུ་སྐྱུར། །
རང་གི་གང་དྲན་ལྷ་ཡི་ལུང་དུ་བསྒྲགས། །
རྫུན་གྱི་འཁོར་ལོ་གཞོན་ནུའི་སྡེ་ལ་བསྐོར། །
དེང་གི་དུས་སུ་བོད་སྨན་ལོ་རྒྱུས་མཚར། །
རྒྱ་གར་གྱི་སྨན་པ་བྷ་ར་ངྷ་ཛ་དང་། རྒྱ་ནག་གི་སྨན་པ་ཧན་ཝེན་ཧང་། ཏ་ཟིག་གི་སྨན་པ་ག་ལེ་ནོས།
ལུགས་ཆེན་གསུམ་གྱི་གཞུང་མི་འཇིགས་པའི་མཚོན་ཆ། རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་སྲིད་བསྐྱངས་ཤིང་རིམ་བཞིན་བོད་དང་ཞང་ཞུང་ཐམས་ཅད་དབང་དུ་བསྡུས་ནས་བོད་ཆེན་པོའི་རྒྱལ་ཁབ་ཅེས་ཨེ་ཤའི་ཡའི་གླིང་འདིར་སྟོབས་རྩལ་སུས་ཀྱང་འགྲན་ཟླ་མེད་པ་ཞིག་གྱུར། རྒྱ་དཀར་ནག་དང་། བལ་པོ། ལི་ཡུལ་སོགས་དང་འབྲེལ་བ་གནང་ཞིང་རིག་གནས་ནང་འདྲེན་མཛད། ཆོས་དང་རིག་གནས་ཐམས་ཅད་ཕྱོགས་གང་ཐད་ནས་དར་སྤེལ་མཛད་པའི་སྐབས་སུ། སྔར་ཡོད་བོད་ཀྱི་གསོ་རིག་གི་ཐོག་ཏུ་རྒྱ་གར་དང་། རྒྱ་ནག ཏ་ཟིག་གསུམ་གྱི་སྨན་པ་གདན་དྲངས་ནས་གསོ་རིག་གཞུང་དང་ཉམ་མྱོང་བརྗེ་ལེན་བྱས་ཤིང་ལུགས་ཆེན་གསུམ་གྱི་གཞུང་ལུགས་ཞེས་པའི་སྲོལ་ཆགས། །
དཔའ་བོ་གཙུག་ལག་ཕྲེང་བའི་《མཁས་པའི་དགའ་སྟོན།》དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《གསོ་རིག་ཁོག་འབུབས།》དང་། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་《གསོ་བ་རིག་པའི་ཁོག་དབུབ་ཀུན་གྱི་བུ་ཡིག་སྒོ་བརྒྱ་འབྱེད་པའི་ལྡེ་མིག》 ཅེས་པ་སོགས་གསོ་རིག་ཆོས་འབྱུང་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལྟར་རྒྱ་གར་གྱི་སྨན་པ་བྷ་ར་ངྷ་ཛ་དང་། རྒྱ་ནག་གི་སྨན་པ་ཧན་ཝེན་ཧང་། སྟོད་ཕྱོགས་ཏ་ཟིག་གི་སྨན་པ་ག་ལེ་ནོས་ཞེས་བྱ་བ་གསུམ་སྤྱན་དྲངས་ནས་རྒྱ་གར་གྱི་སྨན་པས་《འབུ་ཤག་མ་བུ་ཆེ་ཆུང་།》དང་《སྦྱོར་བ་མར་གསར།》 རྒྱ་ནག་གི་སྨན་པས་《རྒྱ་དཔྱད་ཐོར་བུ་ཆེ་ཆུང་》། ཏ་ཟིག་གི་སྨན་པས་《མགོ་སྔོན་བསྡུས་པ།》དང་། 《 དེ་ཕོ་རྨ་བྱ་ནེ་ཙོ་གསུམ་གྱི་དཔྱད།》 རྣམས་དོན་འགྱུར་བྱས་ནས། གསུམ་ཀ་བགྲོས་ཏེ་བསྡོམས་ནས་《མི་འཇིགས་པའི་མཚོན་ཆ།》ཞེས་བྱ་བ་བམ་པོ་སོ་བདུན་ཡོད་པ་བརྩམས་ནས་རྒྱལ་པོ་ལ་ཕུལ།
དེ་ལས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། བདག་དང་གཞན་ལ་ཕན་པར་མི་ནུས་པས། བར་སྣང་མཁའ་ལ་ཇི་ལྟར་མཐོ་བསྙབ་བཞིན། བྷ་ར་ངྷ་ཛ་དྲང་སྲོང་ཆེན་པོ་དང་། ག་ལེ་ནོས་ནི་རྒྱལ་ཚབ་ཐུ་བོ་དང་ཧན་ཝེན་ཧང་དེ་ས་བདག་དབང་བསྐུར་བ། འཕྲུལ་ཆེན་གསུམ་པོ་བདུད་རྩིའི་བུམ་པར་བསྔགས། ཞེས་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་དོ། དེ་ནས་གཞན་གཉིས་ནི་སོ་སོའི་ཡུལ་དུ་བཞུད་ཅིང་། ག་ལེ་ནོས་ཀྱིས་བླ་སྨན་དུ་བཞུགས་ཤིང་ཁབ་བཞེས་པ་ལས། རུས་མིང་བསྒྱུར་ནས་འཛོ་རོར་ཞེས་བྱ་བར་གྲགས་པར་སྣང་། ཕལ་ཆེར་ལྷ་སར་སྟན་ཆགས་ཤིང་བསྟན་བཅོས་ཀྱང་དུ་མ་བརྩམས་པར་གྲགས། ཡུམ་ཁབ་ཏུ་བཞེས་པར་སྲས་གསུམ་བྱུང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་བི་ཇི་སོགས་ཀྱི་བརྒྱུད་པ་དར། འབྲིང་པོ་གཡོར་བོར་བརྫངས་པས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་ཡབ་ཀྱི་སྐུར་བཅར་པར་སོག་པོ་སྨན་པ་ཞེས་གླེང་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་ཁོག་འབུབས་ལས་བཤད། །ག་ལེ་ནོས་ཀྱིས་བོད་ཀྱི་ཁྱིམ་ཚང་དབུལ་པོའམ་རིགས་ངན་པ་རྟུག འཇང་། སྣེགས། རྨོངས། ཞེས་པ་བུ་ཆུང་བཞི་ལ་སྨན་དཔྱད་སློབ་ཏུ་བཅུག་ནས། ནད་པ་གང་ཞིག་ཐོབ་མཐོ་དམན་དང་རིགས་རུས་བཟང་ངན་སོགས་ཀྱི་ཁྱད་པ་མེད་པར་ཐམས་ཅད་ལ་འདྲ་མཉམ་གྱི་སྒོ་ནས་སྨན་བཅོས་གྱིས་ཤིག་ཅེས་བཀའ་བསྒོས་ནས་དེ་དག་རྣམས་ལ་འཚོ་བྱེད་སྨན་པ་ཞེས་མིང་དུ་བཏགས། བྱ་དགའ་ལ་གཙིགས་ཆེན་པོ་དགུ་དང་གཙིགས་ཕྲན་གསུམ་སྟེ་བཅུ་གཉིས་གནང་ཞེས། །ཞེས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསོ་རིག་ཁོག་དབུབ་ལ་སོགས་སྔོན་བྱོན་མཁས་པའི་གསོ་རིག་ཆོས་འབྱུང་ཐམས་ཅད་ལས་གསུངས། །
ཨག་ཚོམ་རིང་ལ་རྒྱ་བཟའི་ལུགས་རྣམས་དང་།
ཧྭ་ཤང་བི་ཇི་སོགས་ཀྱི་བསྒྱུར་བརྩམས་མང་།
རྟུག འཇང་། སྣེགས།
རྨོངས།
《 སྨན་དཔྱད་སོ་མ་རཱ་ཛ།》བརྩམས་ཚུལ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་ཁོག་འབུབས་ལས། དེ་ནས་མེས་ཨག་ཚོམས་ཀྱི་སྲས་ལྗང་ཚ་ལྷ་དཔོན་གྱི་ཇོ་མོར་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བསུས་པ་དེས་སྨན་མང་དུ་འཁྱེར་བ་ཧ་ཤང་མ་ཧྭ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་ཟླ་བའི་རྒྱལ་པོའམ་ས་མ་རཱ་ཛཱ། ལེའུ་བརྒྱ་བཅོ་ལྔ་པས་གཙོ་བྱས་མང་དུ་བསྒྱུར། ཞེས་གསུངས། བོན་པོ་བཀའ་ཐང་ལས། ཀླུ་སྒྲུབ་མཛད་པའི་སོ་མ་རཱ་ཛཱ་དང་། ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད། དེང་དུས་ཤིང་སྤར་ལའང་རྒྱ་ནག་ནས་བསྒྱུར་བའི་མཛད་བྱང་ཅན་ཞིག་དང་། རྒྱ་གར་ནས་བསྒྱུར་བའི་མཛད་བྱང་ཅན་གཉིས་འདུག འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས། འདི་ཀླུ་སྒྲུབ་ཀྱི་མཛད་པ་རྒྱ་གར་ནས་བསྒྱུར་བར་འདོད་པ་དང་། འཇམ་དབྱངས་ཀྱིས་གསུངས་པ་རྒྱ་ནག་ནས་བསྒྱུར་བར་འདོད་པ་དག་སྣང་ཡང་དོན་ལ་བོད་བརྩམས་སུ་ངེས་ཏེ། དེའི་སྐབས་སུ་རྒྱ་ཕྲུག་གར་མཁན་དང་། ཁྱུང་པོ་ཙི་ཙི། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་སོགས་སྨན་པ་དེ་དག་གིས་སྔར་ནས་བསྒྱུར་བ་དང་གསར་དུ་བསྒྱུར་བ་རྣམས་ཀྱི་དོན་སྙིང་པོ་བླངས་ནས་གསོ་དཔྱད་སོ་མ་རཱ་ཛ་སྟེ་ཟླ་བའི་རྒྱལ་པོ་ཞེས་བྱ་བ་ལེའུ་བརྒྱ་བཅོ་ལྔ་པ་བརྩམས་པར་སྣང་ཞེས་གསུངས།
ཁྲོམ་གྱི་ཡུལ་ནས་སྨན་པ་བི་ཇི་ཙན་པ་ཤི་ལ་ཧ་ཟེར་བ་གདན་དྲངས། དེས་གསོ་རིག་གི་ཡིག་ཆ་མང་པོ་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ།》ཞེས་གྲགས། བི་ཇི་ཞེས་པ་ཁྲོམ་གྱི་སྐད་དུ་དྲུང་ཡིག་ལ་བི་ཤེས་ཆེ་ཟེར་བ་བོད་སྐད་དུ་ཟུར་ཆགས་ནས་བི་ཇི་ཟེར་ཞེས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསོ་རིག་ཆོས་འབྱུང་ལས་གསུངས།
《 བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ།》ཞེས་པ་བྱུང་ཚུལ། དེ་ནས་བི་ཇི་ཙན་པ་ཤི་ལ་ཧ་བླའི་སྨན་པར་བཀུར་ཏེ་རྩིས་ཀྱི་ཡི་གེ་འགའ་ཞིག་ཀྱང་གནང་། གསོ་རིག་སྐོར་ལ། བླ་དཔྱད་རྒྱས་འབྲིང་བསྡུས་གསུམ་ཞེས་པ་བྱུང་བ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་པ་དང་། གཞན་ཡང་དེའི་སྐབས་སུ་རྒྱལ་བའི་བཀའ་ལྟར་བཅོས་པའི་《 སྨན་རྒྱུད་ཤེལ་གྱི་མེ་ལོང་།》ཞེས་བྱ་བ་བྱང་ཁོག་སྟོད་ཀྱི་ལེའུ་སོ་གཉིས་དང་། སྨད་ཀྱི་བཅོ་བརྒྱད་སྡོམས་པས་ལེའུ་ལྔ་བཅུ་པ་རྣམས་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་《བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ།》ཞེས་གྲགས་ཟེར་རོ། །
ཁྲོམ་གྱི་ཡུལ་ནས་དྲངས་པའི་བི་ཇི་ཙན་པ་ཤི་ལ།
ཡང་དེའི་ཚེ་ན་ཧྭ་ཤང་མ་ཧྭ་དེ་བ་དང་ཁྱུང་པོ་ཙི་ཙི་སོགས་ཀྱིས་སྨན་དཔྱད་དུ་མ་བསྒྱུར་ཅེས་བཤད། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས། བཙུན་པ་ཤི་ལ་ཧ་ནི་བོད་དུ་བཞུགས་ཏེ་སྲིད་བསྐྱངས་པ་ལས་བུ་རྒྱུད་ལ་བི་ཇི་ཞེས་པ་རྣམས་བྱུང་བ་ཡིན་ལ། ཏ་ཟིག་གི་སྨན་པ་ག་ལེ་ནོས་ཀྱི་བུ་རྒྱུད་ལ་བི་ཇི་བྱུང་བར་བཤད་པ་ནི་ནོར་བ་སྟེ། ཏ་ཟིག་ནི་དེ་ཡི་སྐད་དུ་ཏ་སིག་ཏེ་ཀླ་ཀློའི་དེང་སང་སྟོད་ཧོར་གྲགས་པའི་ཡུལ་ཁམས་ཡིན་པས་ནུབ་ཕྱོགས་དང་སྟོད་ཕྱོགས་པ་ཞེས་བཤད་དེ། ཁ་ཆེའི་སྟོད་བྱང་ཕྱོགས་དང་བོད་ཀྱི་ནུབ་ཏུ་ཡོད་ཅེས་གསུངས། མཁས་དབང་ནམ་མཁའི་ནོར་བུས་ཏ་ཟིག་ཅེས་པ་དེང་དུས་ཐ་ལྗེ་ཁི་སི་ཐན་(Tajikistan) ཟེར་བ་འདི་ཡིན་གསུངས་པ་དོན་དུ་གཅིག་པར་སྣང་། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས། ཁྲོམ་ནི་བོད་ཀྱི་བྱང་ཕྱོགས་སོག་པོའི་ཡུལ་ཏེ་སྨན་དཔྱད་ཀྱང་རྒྱ་ནས་བྱུང་བས་རྒྱ་ནག་པའི་ལུགས་སུ་གཏོགས་པའི་ཕྱིར་རོ། ཞེས་གསུངས་པ་འདི་ནི་དེང་དུས་ཞིན་ཅང་གི་ཁོངས་སུ་ཡོད་པའི་རའོ་ཆོམ་ (若羌) ཞེས་པའི་གྲོང་འདི་ཡིན་ཞིང་གནའ་བོའི་དུས་སུ་ཡུལ་འདིར་བོད་ཀྱི་རིག་གནས་དང་འབྲེལ་བའི་རྗེས་ཤུལ་མང་པོ་ད་ལྟང་འང་ཡོད་པ་བཤད། །
བོད་དམག་གི་སྨན་པ་གསུམ་རྒྱལ་པོའི་བླ་སྨན་གྱུར་ཚུལ། བཙན་པ་ཤི་ལ་ཧའི་སློབ་རྒྱུད་མང་དུ་བྱུང་བ་ལས་མཐའ་མཚམས་ཀྱི་སོ་ཁ་སྲུང་བའི་དམག་གི་སྨན་པ་ཞང་དང་སྟོང་དང་བྲང་ཏི་གསུམ་བྱུང་། དེ་གསུམ་གྱིས་མདོ་ཁམས་ཀྱི་སོ་ཁ་ལོ་བཞི་བསྲུངས་པའི་བྱ་དགའ་ལ་རྒྱལ་པོས་《རྒྱུད་ཤེལ་གྱི་མེ་ལོང་།》 《 རྨ་བཅོས་མ་བུ་བཅུ་བདུན།》སོགས་རྒྱས་འབྲིང་བསྡུས་གསུམ་ཡི་གེ་དམར་ཆུང་དང་བཅས་པ་གནང་ནས་རྒྱུད་ནས་རྒྱུད་ཀྱི་བླ་སྨན་དུ་དབང་བསྐུར་ཞིང་དམག་ནས་ཀྱང་བཏོན་ཅེས་གྲགས། སྟོང་གཞེར་མེས་པོ་ལ་མགོ་དཔྱད། བྲང་ཏི་རྒྱལ་ཉེ་ཁར་བུ་ལ་བྱང་ཁོག ཞང་ལྷ་མོ་གཟི་ལ་ཡན་ལག་གི་བཅོས་གནང་ཞེས་ཀྱང་ཟེར་རོ། ། མདོར་ན་མེས་ཨག་ཚོམ་སྐབས་སུ་བྲང་ཏི་དང་། སྟོང་གཞེར། ཞང་ལྷ་མོ་གཟི་གསུམ་ནི་དམག་གི་སྨན་པ་བྱས་རྗེས་ཅན་ལ་གཟེངས་བསྟོད་དུ་རྒྱལ་པོའི་བླ་སྨན་བསྐོས་པ་ཡིན་འདུགརྒྱལ་པོའི་བླ་སྨན་གྱུར་པའི་དམག་སྨན་གསུམ།
ང་ཚོས་ཞིབ་ཏུ་དཔྱད་དགོས་པ་ཞིག་ནི། གོང་གསལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་བའི་རྒྱ་གར་གྱི་སྨན་པས་《 འབུ་ཤག་མ་བུ་ཆེ་ཆུང་།》དང་《སྦྱོར་བ་མར་གསར།》 རྒྱ་ནག་གི་སྨན་པས་《 རྒྱ་དཔྱད་ཐོར་བུ་ཆེ་ཆུང་།》 ཏ་ཟིག་གི་སྨན་པས་《མགོ་སྔོན་བསྡུས་པ།》དང་། 《 དེ་ཕོ་རྨ་བྱ་ནེ་ཙོ་གསུམ་གྱི་དཔྱད།》རྣམས་དོན་འགྱུར་བྱས་ནས། གསུམ་ཀ་བགྲོས་ཏེ་བསྡོམས་ནས་《མི་འཇིགས་པའི་མཚོན་ཆ།》 ཞེས་བྱ་བའི་བསྟན་དེ་དག་དང་། སྐབས་དེར་མཁས་པ་མང་པོས་བསྒྱུར་བ་དང་། བརྩམས་བསྒྲིགས་བྱས་པའི་《 བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ།》 ཞེས་པའི་གསོ་རིག་གཞུང་དེ་ད་ལྟ་གང་དུ་ཡོད་པ། གང་ཟག་སུས་མཐོང་མྱོང་བ་ང་ཚོས་བརྩད་གཅོད་འོས་པ་དང་། དེའི་ནང་དུ་བཞུགས་པའི་རོ་བཀྲ་འཕྲུལ་གྱི་མེ་ལོང་། རོ་བཀྲ་ཐག་གུ་དགུ་སྦྱོར། གསོན་ཐིག་རོ་ཐག་གི་རྣམ་བཞག བྱང་ཁོག་ཁྲོམ་གྱི་མདོ་ཞེས་པ་འདི་དག་མིའི་ལུས་ཀྱི་གནས་ལུགས་དང་། གཤགས་བཅོས་རིག་པའི་སྐོར་ཤ་སྟག་ཡིན་དགོས་སྟེ། རོ་བཀྲ་ཞེས་པ་མིའི་ལུས་ཁམས་ཆགས་ཚུལ་གྱི་དཔེ་རིས་ཀྱི་མིང་ཡིན་པའི་ཕྱིར། དེས་ན་སྐབས་དེའི་རོ་བཀྲའི་དཔེ་རིས་འདི་དག་ད་ལྟ་དཔེ་རྐྱང་མཐོང་རྒྱུ་ཡོད་མེད་དང་། ཡང་ན་འདི་དག་རྒྱུད་བཞིའི་ནང་གི་གྲུབ་པ་ལུས་ཀྱི་ལེའུ་རྣམས་དང་རྨ་བཅོས་ཀྱི་ལེའུ་ཡིན་མིན་དང་། གལ་སྲིད་དེ་ལྟར་ཡིན་ན་དེ་ཉིད་སྐབས་དེར་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་བསྒྲིགས་པའི་གསོ་རིག་འབུམ་བཞིའི་ཆ་ཤས་ཡིན་མིན་བརྟག་དགོས་པ་ཞིག་རེད། གལ་སྲིད་རོ་བཀྲའི་གཞུང་ལུགས་འདི་དག་སྐབས་དེ་ཕྱི་ཕྱོགས་ནས་གསར་དུ་བྱུང་བའི་གཞུང་ཡིན་ན་རྒྱ་དཀར་ནག་གཉིས་ཀྱི་གཞུང་ལུགས་མིན་པ་ནི། ད་ལྟའི་ཁོ་ཚོའི་སྨན་གཞུང་ནང་དུ་དེ་ལྟ་བུའི་མིའི་ལུས་ཁམས་ཀྱི་རོ་བཀྲའི་སྐོར་འདི་དག་མེད་པ་འདིས་རྟོགས་ཐུབ། དེས་ན་ཏ་ཟིག་གི་ཡུལ་ནས་བྱུང་བ་ཡིན་པ་སྨོས་མ་དགོས་པ་རེད། །
བྲང་ཏི་རྒྱལ་ཉེ་ཁར་བུ། ཞང་ལྷ་མོ་གཟི།
སྟོང་གཞེར་མེས་པོ།