རྒྱ་ནག་རི་བོ་གྲུ་འཛིན་ནི་མཚན་སྙན་ཕྱོགས་བཞིར་ཁྱབ་པའི་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་ལ། ལྷག་པར་ཏུ་ནང་པ་སངས་རྒྱས་པའི་གནས་འགངས་ཆེན་ཞིག་ཡིན། ལུགས་རྙིང་གི་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་དང་། དྲུག་པའི་ཚེས་བཅུ་དགུ དགུ་པའི་ཚེས་བཅུ་དགུ་ཉིན་སོ་སོ་ནི་སྤྱན་རས་གཟིགས་སྐུ་འཁྲུངས་པ་དང་རབ་ཏུ་བྱུང་བ། གྲུབ་པ་ཐོབ་པ་བཅས་མཆོད་འབུལ་ཚོགས་ཆེན་གྱི་ཉིན་གསུམ་ཡིན།ཡོངས་ཁྱབ་ཏུ་ཀྲེ་ཅང་གི་རི་བོ་གྲུ་འཛིན་དང་ཧྲན་ཞིའི་རི་བོ་རྩེ་ལྔ། སི་ཁྲོན་གྱི་གླང་ཆེན་འགྱང་རི། ཨན་ཧུའེ་ཡིི་དཔལ་རི་རྩེ་དགུ་བཅས་ནི་རང་རྒྱལ་གྱི་ནང་པའི་གནས་རི་ཆེན་པོ་བཞི་ཞེས་གྲགས་ལ། དེ་ལས་གནས་རི་བཞིའི་ཡ་གྱལ་རི་བོ་གྲུ་འཛིན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱས་པ་ཐོག་མའི་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཁུལ་ཞེ་བཞིའི་ནང་གསེས་དང་། ཀྲུང་གོའི་རྒྱལ་ཁབ་གྱི་5Aརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ། རྒྱལ་ཡོངས་དཔལ་ཡོན་རི་དང་འཕྲོད་བསྟེན་རི། དེ་མིན་ཀྲེ་ཅང་ཞིང་ཆེན་གྱི་ISO14000རྒྱལ་ཁབ་དཔེ་སྟོན་ཁུལ་ཁོ་ན་དེའོ། ཀྲུའུ་ཧྲན་གླིང་ཕྲན་སྟེང་བརྟན་བརླིང་ངང་འགྱིང་བའི་རི་བོ་གྲུ་འཛིན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཅུ་གཉིས་ལྷག་ཡོད་ལ། ཁྱད་དུ་མཚར་བའི་བྲག་རྡོ་དང་དབེན་ཞིང་འཇགས་པའི་ བྲག་ཕུག སྤྲིན་སྨུག་ལང་ལོང་དུ་འཕྱུར་བའི་ཡུལ་ལྗོངས་ཉམས་དགའ་བས། གནམ་མཚོའི་བར་གྱི་དག་ཞིང་དང་ལྷོ་རྒྱ་མཚོའི་སྟེང་གི་གནས་མཆོག་ཏུ་ངོས་འཛིན་བྱས།
