ལོ་རབས་བརྒྱད་ཅུ་པའི་དུས་མགོར། ངག་དབང་བསྟན་པའི་རྒྱལ་མཚན་ཨ་མདོ་རྔ་བ་རྫོང་ནས་ལམ་ལ་ཆས་ཏེ་རྒྱལ་མོ་ཚ་བ་རོང་གི་བྲག་སྟེང་ཡུལ་ཤོག་གི་གཡུང་དྲུང་དར་རྒྱས་གླིང་དུ་སློབ་གཉེར་བྱེད་དུ་ཕྱིན། ཁོང་གཡུང་དྲུང་དར་རྒྱས་གླིང་དུ་ཐོན་ནས་ཉིན་ཤས་འགོར་རྗེས། དགུང་གྲངས་བརྒྱད་ཅུར་སླེབས་པའི་བླ་མ་ས་རིག་ཚང་གིས་རང་ཤག་ཏུ་བོས་ཏེ། 1960ལོར་གཡུང་དྲུང་བོན་གྱི་བསྟན་པའི་གནས་ཆེན་བཀྲ་ཤིས་སྨན་རི་དགོན་གྱི་ཆོས་ལུགས་གནའ་རྫས་བཅོ་བརྒྱད་རྒྱལ་རོང་ནས་འོངས་པའི་གྲྭ་པ་བཅོ་བརྒྱད་ལ་སྤྲད་དེ་ཕྱིར་རྒྱལ་རོང་ཡུལ་དུ་བསྐྱལ་ནས་བདག་དམ་བྱ་རུ་བཅུག་པའི་འདས་དོན་ཞིག་གསལ་པོར་གསུངས་པར་མ་ཟད། ངག་དབང་བསྟན་པའི་རྒྱལ་མཚན་ལ་རིག་དངོས་དེ་དག་འཚོལ་སྡུད་བྱ་དགོས་པའི་རེ་བཞག་ཀྱང་གནང་། ཡིན་ནའང་སྐབས་དེར་བསྟན་པའི་རྒྱལ་མཚན་ལོ་ན་ཆུང་བས་སྐད་ཆ་དེ་ནི་གནའ་གཏམ་ཞིག་ཏུ་བརྩིས་ཏེ་ཐུགས་འཛིན་མ་གནང་།
བསྟན་པའི་རྒྱལ་མཚན་གྱིས་ཉར་ཚགས་བྱས་པའི་རིག་དངོས་འགའ། བསྟན་འཛིན་ཉི་མས་པར་བླངས།
丹贝降参活佛收藏的部分红色文物 图 / 丁真尼玛
བགྲང་བྱ་དུ་མའི་རྗེས་ཀྱི་ཉིན་ཞིག ངག་དབང་བསྟན་པའི་རྒྱལ་མཚན་བསོད་སྙོམས་ལ་འགྲོ་སྐབས་སྟེས་དབང་ཞིག་གིས་སྟོང་དགུ་ཡུལ་ཤོག་ཕ་ཚང་གྲོང་སྡེའི་རྒས་པོ་ཞིག་གི་ས་ནས་དེ་སྔོན་སྨན་རི་དགོན་ནས་ཁྱེར་འོངས་པའི་གཤེན་རབས་མི་བོ་ཆེའི་རིང་བསྲེལ་ཞིག་ལག་སོན་བྱུང་། སྐབས་དེར་ཁོང་གིས་བླ་མ་ས་རིག་ཚང་གིས་སྔོན་ཆད་གསུངས་པའི་སྐད་ཆ་དེ་དག་ཐུགས་ལ་འཁོར་བ་དང་། ད་ལྟ་གར་ཡོད་ཆ་མེད་ཀྱི་རིག་དངོས་དེ་དག་ཅི་ནས་ཀྱང་འཚོལ་སྡུད་བྱ་འདོད་པའི་རྟག་བརྟན་འགྱུར་མེད་ཀྱི་ཐུགས་འདུན་ཞིག་ངང་ངམ་ཤུགས་ཀྱིས་འཁྲུངས་པས། དུས་དེ་ནས་བཟུང་ངག་དབང་བསྟན་པའི་རྒྱལ་མཚན་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ་གང་སར་འགྲིམས་ཏེ་གནའ་རྫས་འཚོལ་སྡུད་ཀྱི་འགོ་དངོས་སུ་བརྩམས།
བསྟན་པའི་རྒྱལ་མཚན་གྱི་རིག་དངོས་ཉར་ཚགས་ཁང་གི་ཟུར་གཅིག བསྟན་འཛིན་ཉི་མས་པར་བླངས།
丹贝降参活佛的文物收藏室一角 图 / 丁真尼玛
གནའ་རྫས་འཚོལ་སྡུད་ཀྱི་གོ་རིམ་ཁྲོད་ཁོང་གི་མི་ཚེ་ལའང་དཀྱོགས་མཚམས་ཆེན་པོ་ཞིག་བྱུང་། སྤྱི་ལོ་1989ལོར་ངག་དབང་བསྟན་པའི་རྒྱལ་མཚན་རོང་བྲག་རྫོང་བྲག་སྟེང་ཡུལ་ཤོག་གི་གཡུང་དྲུང་རྫོགས་ཆེན་གླིང་གི་དགོན་བདག་སྐུ་ཕྲེང་སོ་བརྒྱད་པ་གཡུང་དྲུང་རྒྱལ་མཚན་གྱི་ཡང་སྤྲུལ་དུ་ངོས་འཛིན་བྱས། ཡུལ་དེ་གའི་ཆོས་ལུགས་རིག་གནས་ཀྱི་གོམས་སྲོལ་ལྟར་ཁོང་དཔལ་ལྡན་བདེ་སྐྱིད་གླིང་དང་ཁ་བྲལ་ཏེ་གནས་འགོ་དགོན་དུ་ཕེབས། སྐབས་དེར་མཚམས་ལ་ལར་ཕྱག་སྐོར་དུ་ཡོང་བའི་སྡེ་མི་རེ་འགའ་མ་གཏོགས་གནས་འགོ་དགོན་དུ་གྲྭ་བཙུན་གཅིག་ཀྱང་མེད་ལ་དགོན་པའི་བཟོ་བཀོད་དག་ཀྱང་ཞིག་རལ་དུ་གྱུར་འདུག ངག་དབང་བསྟན་པའི་རྒྱལ་མཚན་གྱིས་ཉིན་རྒྱུན་སྒྲིབ་སྦྱོང་བྱེད་པའི་ཞོར་དུ་དགོན་པ་ཞིག་གསོ་བྱེད་པའི་ལས་ལ་བྲེལ། དགོན་པ་བསྐྱར་སྐྲུན་གྱི་གོ་རིམ་ཁྲོད་ཁོང་གིས་མདེའུ་ཤུབས་དང་ལག་འབོམ་སོགས་དམར་དམག་དང་འབྲེལ་བའི་དངོས་པོ་མང་པོ་ཞིག་རྙེད། གནས་ཚུལ་དེ་ས་གནས་དེ་གའི་རྒན་པོ་དག་ལ་དྲིས་རྗེས་ཁོང་གིས་དངོས་པོ་དེ་དག་གི་འབྱུང་ཁུངས་གསལ་པོར་རྟོགས། དེ་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་དམར་དམག་དཔུང་ཕྱོགས་སྒར་ཆེན་ལྔ་པའི་དམག་ཚོགས་སོ་བདུན་པ་གནས་འགོ་དགོན་པར་རྟེན་གཞི་བྱས་ཏེ་ལོ་ཕྱེད་ཙམ་ལ་གནས་འདིར་སྡོད་སྐབས་གོ་མིན་ཏང་དང་དམག་འཁྲུག་བརྒྱབ་ཅིང་། གོང་བརྗོད་ཀྱི་དངོས་པོ་དེ་དག་ཀྱང་བར་སྐབས་འདིའི་ལོ་རྒྱུས་མཚོན་པའི་དན་རྟགས་སུ་འཁུམས།
ཁོང་གིས་རྒྱལ་རོང་རིག་གནས་ཀྱི་ལྟེ་གཞིར་གྲགས་པའི་རོང་བྲག་དང་ཆུ་ཆེན། དར་མདོ་སོགས་སུ་ཡུལ་སྲོལ་དང་ཆོས་ལུགས། ལོ་རྒྱུས་རིག་གནས་སོགས་དང་འབྲེལ་བའི་གནའ་རྫས་མང་པོ་འཚོལ་ཞིབ་བྱས་ཤིང་ཁོང་གིས་འཚོལ་སྡུད་བྱས་པའི་གནའ་རྫས་འདི་དག་གིས་རྒྱལ་རོང་ལོ་རྒྱུས་ཀྱི་ཞིབ་འཇུག་ལ་རིན་ཐང་གཞལ་དུ་མེད་པའི་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་བྱས། གནའ་རྫས་འདི་དག་གི་རྒྱབ་རོལ་དུ་ཡོད་པའི་གཏམ་རྒྱུད་རེ་རེ་ཡིས་ངོ་མཚར་དང་གསོན་ཉམས་ཀྱིས་ཕྱུག་པའི་རྒྱལ་རོང་ལོ་རྒྱུས་འཐུས་ཚང་ཞིག་གྲུབ་འདུག ཁོང་ལ་སྦ་གསང་དང་འཛེམ་དོགས་ཅི་ཡང་མེད་པར་རྒྱལ་རོང་ཞིབ་འཇུག་གི་དཔྱད་གཞིར་མཁོ་བའི་རྒྱུ་ཆ་དག་དགོས་མཁོ་ཅན་གྱི་ཞིབ་འཇུག་པ་དག་ལ་འདོན་སྤྲོད་བྱེད་བཞིན་མཆིས་པས་ཁོང་གི་དཀྱེལ་ཡངས་ཀྱི་ཁོག་རྒྱ་དང་གཞན་ཕན་གྱི་ལྷག་བསམ་ལ་རྗེས་སུ་ཡི་རངས་བྱས།
བསྟན་པའི་རྒྱལ་མཚན་གྱིས་དཔེ་རྙིང་ལ་གཟིགས་བཞིན་པ། དཀོན་རྡོས་པར་བླངས།
丹贝降参活佛在翻阅资料 图 / 根多
འཚོ་བར་དཀའ་སྡུག་ཅི་འདྲ་ཆེ་ནའང་ཁོང་གིས་གནའ་རྫས་འཚོལ་སྡུད་ཀྱི་གོམས་མཚམས་བཞག་མ་མྱངས་ལ་དགོན་པ་ཞིག་གསོ་དང་དགོན་པའི་སློབ་གསོ་འཐུས་ཚང་དུ་གཏང་བར་ཡང་ཐུགས་སེམས་ལྷོད་མ་མྱངས། ཁོང་གིས་འཚོལ་སྡུད་བྱས་པའི་གནའ་རྫས་རྣམས་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་དག་ཡིན་ལ། གནའ་དཔེ་དང་གནའ་རྫས་འདི་དག་འཚོལ་སྡུད་ཀྱི་ཆེད་དུ་ཁོང་གི་ཁྱིམ་ཚང་དབུལ་པོར་གྱུར་ཞིང་ལུས་ཟུངས་ཀྱང་ཉམས་ཞན་དུ་གྱུར།
བསྟན་པའི་རྒྱལ་མཚན་གྱིས་གསུང་རྒྱུར། ད་ལྟ་གནའ་རྫས་འདི་དག་ཉར་ཚགས་བྱེད་སའི་བཤམས་སྟོན་ཁང་ཞིག་མཁོ་ནའང་མ་དངུལ་གྱི་འགྲོ་སོང་ཆེ་བས་སྲིད་གཞུང་གི་ཐད་ནས་འགྲེམ་སྟོན་དོ་དམ་གྱི་སྟེགས་བུ་ཞིག་སྟེ། དངོས་མང་བཤམ་སྟོན་ཁང་ཞིག་འདོན་སྤྲོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་དོན་ཆེན་ཞིག་ཡིན་ཟེར།
འདི་ནི་གནའ་རྫས་འཚོལ་སྡུད་བྱེད་མཁན་གྱི་སྤྲུལ་སྐུ་ཞིག་སྟེ་གཡུང་དྲུང་རྫོགས་ཆེན་གླིང་གི་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་ཕུགས་འདུན་ནོ། །
བསྟན་པའི་རྒྱལ་མཚན་གྱིས་ཉར་ཚགས་བྱས་པའི་དཔེ་རྙིང་སྐོར་ཞིག དཀོན་རྡོས་པར་བླངས།
丹贝降参活佛收藏的部分古文献 图 / 根多