བོད་ཡུལ་ཞིང་སར་རིན་ཆེན་འཕྲེང་བས་བརྒྱན། །
《ཁ་བཏགས་དཀར་པོའི།》རྩིབས་སྟོང་རབ་བཀྲ་བ། །
བཀྲ་ཤིས་གདུགས་དཀར《ཁ་བཏགས་དཀར་པོར།》བསྟོད། །
སྲིད་གསུམ་དགེ་ལེགས་ཛ་ཧུ་བུ་མོའི་ཀླུང་། །
གཅིག་བསྡུས《ཁ་བཏགས་དཀར་པོའི།》ཆུ་གཏེར་ཆེར། །
དགའ་བདེ་འབུམ་ཕྲག་རྫོགས་པ་ཞིང་ལྗོངས་ལྔ། །
བཀྲ་ཤིས་གསེར་མིག་ཉ་ལ་རྫོགས་ལྡན་ཤར། །
ཀློག་པའི་འདོད་པ་འཇོ་བ་བསམ་འཕེལ་དབང་། །
རིས་མེད་མཁས་པའི་ལུགས་བཟང་དབྱར་རྔའི་སྒྲ། །
མཁའ་མཉམ་དབྱིངས་སུ་བསྒྲགས་པ་ངོ་མཚར་གཏམ། །
《ཁ་བཏགས་དཀར་པོ།》གཡས་འཁྱིལ་དུང་ལ་བསྔགས། །
གངས་ལྗོངས་རིག་གནས་གཡུ་མདོག་སྔོན་མོའི་ཁམས། །འཛིན་སྐྱོང་སྤེལ་གསུམ་མཆོག་གི་དྲ་བ་ལ། །
ལེགས་བྱས་སྣང་བ་སྟོང་གི་འོད་འཕྲོ་བ། །
《 ཁ་བཏགས་དཀར་པོའི།》ལེ་ཚན་དཔལ་བེའུ་བསྟོད། །
རིག་པའི་ཤེས་བྱ་དཔུང་བ་བརྟན་པོ་ཡིས། །
རྨོངས་པའི་མུན་པ་འཇོམས་པའི་དཔལ་བརྙེས་པ། །
ཚན་རིག་རིག་གནས་ནོར་བུའི་ཏོག་གིས་མཛེས། །
ཕྱོགས་ལས་རྒྱལ་མཚན་སྒྲེང་བའི་དུས་དེབ་བསྟོད། །
བློ་ཡིས་རྟོགས་དཀའ་རིག་ལམ་གླིང་བཞིའི་ཁོངས། །
བློ་གྲོས་ཚངས་པའི་སྟོབས་ཀྱི་མུ་ཁྱུད་ཅན། །
འདོད་དགུར་རྩེན་པ་རྩིབས་སྟོང་འབར་བའི་ཁམས། །
གསེར་གྱི་འཁོར་ལོ་བསྒྱུར་བའི་དུས་དེབ་བསྟོད། །
རྒྱ་ཆེན་རིག་པ་ཉལ་འགྲོའི་གཏེར་ཆེན་པོ། །
མ་སྨད་མཁྱེན་དཔྱོད་འཛིན་མའི་ལྟེ་བ་རུ། །
གཅིག་ཏུ་འཁྱིལ་བའི་《ཁ་བཏགས་དཀར་པོ།》ནི། །
བདུད་རྩི་བསྙིལ་བའི་བུམ་པ་བཟང་པོར་འགྲན། །
མཐའ་ཡས་ལེགས་བྱས་རྒྱ་མཚོའི་འཇིངས་ཡངས་ལས། །
སྣ་འདུས་རྩོམ་ཡིག་གཙང་མའི་དྲི་བསུང་ཅན། །
ལྗོངས་ལྔའི་འདབ་སྟོང་གྲོལ་བའི་ཀློག་མཁན་ཚོགས། །
པད་དཀར་ལྟ་བུར་འགྱུར་བའི་རྟེན་འབྲེལ་ཞུ། །