བདེ་བདེ་སྐྱིད་ཀྱི་འཇིག་རྟེན་ན།
བདེ་སྐྱིད་མ་ཐོབ་པའི་འབྲི་མོ་རྭ་རིང་མ།
གྲང་ལྷགས་དང་ཚ་གདུང་ཇི་འདྲ་ཆེ་རུང་།
ནུ་མའི་ནང་གི་འོ་མ་མཚམས་མི་ཆད།
ཨ་མ་ངའི་སེམས་ཁོང་གི་འབྲི་མོ་རྭ་རིང་མ།
ཐོད་པའི་གཉེར་མ་ཇེ་མང་དང་དུང་སོ་སུམ་ཅུ་ཇེ་ཉུང་དུ་འགྱུར་བཞིན་པའི་དུས་དེ་རིང་།
ཅི་ཡང་མི་ནུས་ལ་ཅི་ཡང་མ་འཁྱོངས་པའི་བུ་ཆུང་ངས།
སྐད་ཤུགས་ཆེན་པོས་ཐེངས་གསུམ་བོས་ན་འདོད།
ཨ་མ། ཨ་མ། ངའི་དྲིན་ཆེན་གྱི་མ་ལོ་རིན་པོ་ཆེ།
ནམ་ཞིག་གི་དུས་ལ་མི་ནི་གཅན་གཟན་གཏུམ་པོ་ཞིག
ཡིན་ཡང་། ངས་རང་ཉིད་ཀྱི་བྱམས་དང་སྙིང་རྗེ་མི་དོར།
རང་དབང་གི་འཇིག་རྟེན་ན།
རང་དབང་མ་ཐོབ་པའི་འབྲི་མོ་རྭ་རིང་མ།
ཁྱེད་ཀྱི་ཡོད་ཚད་ངའི་རང་དབང་གི་ཆེད་དུ།
ཁྱེད་ལ་ཐོབ་པ་ནི་མི་ཚེ་གང་པོའི་གནར་གཅོད་དང་བཤུ་བཞོག
ཨ་མ་ངའི་སེམས་ཁོང་གི་འབྲི་མོ་རྭ་རིང་མ།
ལུས་པོ་སྒུར་སྒུར་དང་གོམ་པའི་འདེགས་འཇོག་ཆ་མི་སྙོམས་པའི་དུས་དེ་རིང་།
ཁྱེད་ཀྱི་རང་དབང་འཕྲོག་བཅོམ་དང་སྒེར་འཛིན་བྱས་པའི་བུ་ཆུང་ངས།
སྐད་ཤུགས་ཆེན་པོས་ཐེངས་གསུམ་བོས་ན་འདོད།
ཨ་མ། ཨ་མ། ངའི་བྱམས་ལྡན་གྱི་མ་ལོ་རིན་པོ་ཆེ།
ནམ་ཞིག་གི་ཚེ་ན་མི་ནི་སྒེར་སེམས་དོན་དུ་ཚར།
ཡིན་ཡང་། ངས་རང་ཉིད་ཀྱི་རྣམ་ཤེས་དང་ཀུན་སྤྱོད་མི་དོར།
ཨ་མ། ངའི་སེམས་ཁོང་གི་འབྲི་མོ་རྭ་རིང་མ།
རྩོམ་པ་པོ། ཅོ་བྱང་སྐར།སྤེལ་དུས། 2016-10-31བཀླགས་གྲངས། 28843
རྩོམ་པ་པོ། ཅོ་བྱང་སྐར།
ཡོང་ཁུངས། ཁ་བཏགས་དཀར་པོ།