གའུ་ནི་སྲུང་འཁོར་དང་རྒྱན་ཆ་གཉིས་ཀྱི་ནུས་པ་ཡོད་ལ་དེ་ནི་བོད་རིགས་ཀྱི་རིག་གནས་དང་གོམ་སྲོལ་ཁྲོད་དར་ཁྱབ་ཆེ་ལ་ཡབ་མེས་ནས་དར་བའི་གོམ་གཤིས་ཤིག་ཡིན་ལ་དེ་ནི་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་དངོས་པོ་གལ་ཆེན་ཞིག་ཀྱང་ཡིན།
གའུ་ཡི་རྒྱུ་ནི་གསེར་དང་དངུལ། ཟངས་བཅས་ཀྱིས་གྲུབ་ཅིང་། མདུན་ངོས་གསེར་དང་རྒྱབ་དངོས་དངུལ་སོགས་རྒྱུ་ཆ་སྤེལ་མར་སྤྱད་པ་སོགས་ཅི་རིགས་ཡོད། གནའ་དུས་སུ་བུད་མེད་ཚོའི་བྲང་ཁར་བཏགས་པའི་གའུ་ཡི་བཟོ་ལྟ་ནི་སྤྱིར་ན་གྲུ་བཞི་ཡིན་རུང་། ཕྱིས་ཟུར་དྲུག་དང་ཟུར་བརྒྱད་སོགས་བཟོ་རྩལ་ལེགས་སུ་སོང་བའི་གའུ་འདོགས་སྲོལ་དར་བ་མ་ཟད། བྲང་ཁར་གའུ་ཆེ་བ་གཅིག་གི་ཐོག་ད་དུང་གའུ་གསུམ་སྒྲོམ་ཞེས་དེའི་གཤམ་གྱི་གྲོད་པའི་ཐད་དུ་གཅིག་དང་གཡས་གཡོན་གཉིས་སུ་རེ་རེ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་ལུང་ཐག་དང་བཅས་འདོགས་སྲོལ་ཡོད། ཉེ་རབས་སུ་ད་དུང་གའུ་རྫུས་ཞེས་མེ་ཏོག་དང་ཕྱེ་མ་ལེབ་ཀྱི་གཟུགས་སོགས་དབྱིབས་ངེས་མེད་ཀྱིས་རང་མོས་ལྟར་གསར་གཏོད་བྱས་པ་ཡང་མཐོང་རྒྱུ་ཡོད། སྐྱེས་པ་ཚོས་དབྱིབས་གྲུ་བཞི་དང་གྲུ་བཞི་ནར་མོ་ཡིན་པའི་གའུ་འབྲལ་སྤང་ཞེས་པ་ཞིག་འདོགས་སྲོལ་ཡོད་རུང་དེ་ནི་བྲང་དུ་མི་འདོགས་པར་གློ་གཡས་སུ་འདོགས་ཀྱི་ཡོད་པ་དང་གའུ་ཡི་མཐའ་སྣེར་རི་དྭགས་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོས་བརྒྱན་ཡོད། གའུ་ཡི་རྒྱུ་ཆ་ལེགས་ལ་བཟོ་ལྟ་མཛེས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྲ་བཏབ་པ་མ་ཟད། བུད་མེད་ཚོའི་གའུ་ཡི་ལུང་ཐག་ཀྱང་གཡུ་བྱུར་དང་གཟི། སྤོས་ཤེལ། མུ་ཏིག་སོགས་བསྟར་ལ་བརྒྱུས་པའི་ཐོག་ལུང་ཐག་གི་དབུས་སུ་ཡང་གསེར་སྒོར་མོ་སོགས་རིན་པོ་ཆེའི་རིགས་ཀྱིས་ཕྲ་བརྒྱབ་ནས་རིན་ཐང་ཧ་ཅང་ཆེན་པོ་ཡོད་པས་གའུ་ནི་རིན་ཐང་ཆེ་ལ་མིག་ལ་མཛེས་པའི་རྒྱན་ཆ་རྩེ་གྲ་ཞིག་ཡིན་པ་སྨོས་མེད་ཡིན་ལ་གའུ་ཕལ་ཆེ་བའི་ནང་ངོས་སུ་ད་དུང་སྲུང་བ་འཇུག་ས་ཡོད་ལ་སྐྱེས་པའི་གའུ་དེ་བས་ཤོང་ཆེ་བ་ཡོད་པས་རྒྱབ་ངོས་ནས་ཁེབས་ཕྱེ་ནས་སྲུང་བ་བླུགས་རྗེས་ཁ་ཟུམ་དགོས།
གའུ་ཡི་བྱུང་ཚུལ་སྐོར་ལ་ལོ་རྒྱུས་ཡིག་ཆར་ངེས་གསལ་མ་རྙེད་རུང་ཆེད་རམས་པའི་བཞེད་པ་ལྟར་ན། བོད་དུ་ཐང་ག་སོགས་ཀྱི་འབྲི་སྲོལ་མ་དར་སྔོན་ནས་ཚ་ཚ་རྒྱག་སྲོལ་དར་བ་དང་ཚ་ཚས་སྲུང་བ་བྱེད་སྲོལ་ཡང་དར། དེ་ལྟར་ཡིན་སྟབས་ཆོས་ལ་དད་གུས་ཆེ་བའི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་སྐུ་རྟེན་ཐད་ཀར་རང་གཟུགས་ལ་སྦྱར་བ་ནི་ཉེས་དམིགས་བསགས་པ་ཞིག་ཡིན་པའི་ངོས་འཛིན་གྱིས་གའུ་ཡི་དགོས་པ་བྱུང་བའི་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་ཁྲོད་དུ་གའུ་ཡི་རྒྱུ་ཆ་དང་བཟོ་ལྟར་འགྱུར་ལྡོག་ཆེན་པོ་བྱུང་བ་ཀུན་གྱིས་ཤེས་གསལ་ལྟར། དུས་ད་ལྟ་ཡང་གའུ་ཡི་ནང་དུ་སྲུང་བ་དམ་རྫས་བླུགས་སྲོལ་ནི་སྔར་བཞིན་གནས་ཡོད་ཅིང་། སྲུང་བའི་བྱེ་བྲག་ནི་རིང་བསྲེལ་དང་། བདུད་རྩི་རིལ་བུ། དམ་རྫས་མྱོང་གྲོལ། སྐྱེས་བུ་དམ་པའི་གདུང་ཐལ། དབུ་སྐྲ་དང་ན་བཟའ། དེ་བཞིན་སྐུ་འདྲ་ཆུང་ངུ་བཅས་བླུགས་ཡོད་ལ་ལྷག་པར་ཏུ་སྐྱེས་པའི་གའུ་ལ་ལའི་ངོས་སུ་ཆེད་མངགས་ཤེལ་སྒོ་ཆུང་ངུ་སྒྲིག་ནས་གནས་དང་དུས་ལ་མ་བལྟོས་པར་སྐུའི་བཞིན་རས་མཇལ་ས་ཡོད་པ་བཟོས་ཏེ་བྱིན་རླབས་དང་ལུས་སྲུང་གཉིས་ཀའི་གོ་ཆོད་པ་བྱེད་སྲོལ་ཡོད།
གའུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་རྩ་ཆེའི་དངོས་པོ་ཞིག་ཡིན་པས་སྔར་ནས་བཟུང་རིན་གོང་མཐོ་བའི་རྒྱན་ཆའི་གྲས་ཤིག་ཡིན་པའི་ཁར། དེང་སང་དཔལ་འབྱོར་གྱི་ཆུ་ཚད་ཇེ་མཐོར་སོང་བ་དང་རང་བྱུང་ལྷན་སྐྱེས་ཀྱི་རིན་པོ་ཆེའི་རིགས་ཇེ་དཀོན་དུ་གྱུར་སྟབས། ད་ལྟ་གའུ་ཡི་རིན་ཐང་དེ་བས་ཇེ་ཆེར་འགྲོ་བཞིན་ཡོད་ལ། དེང་སང་རྩ་ཆེའི་དངོས་པོ་ཉར་ཚགས་བྱེད་མཁན་མང་པོ་ཞིག་གིས་ཀྱང་གའུ་ཉར་ཚགས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།
རྒྱུས་ལོན་བྱུང་པ་ལྟར་ན། ཉེ་བའི་ལོ་འདི་གའི་རིང་ལ་གའུ་ཉར་ཚགས་བྱེད་མཁན་ཞིག་གིས་རྒྱལ་སྤྱིའི་ཧབ་ཚོང་ཁྲོམ་རའི་ཐོག་ཆིང་རྒྱལ་རབས་དུས་ཀྱི་དངུལ་གྱི་གའུ་རྙིང་པ་ཞིག་ལ་རིན་གོང་སྒོར་ཁྲི་བརྒྱ་བྱིན། ཉར་ཚགས་བྱེད་མཁན་ཚོས་གའུ་ཡི་རིན་ཐང་ལ་དཔྱད་སྐབས་རྒྱུ་ཆ་དང་བཟོ་ལྟར་ལྟ་བའི་ཐོག་དེའི་ལོ་རབས་དང་། བཟོ་རྩལ། དེ་བཞིན་དམ་རྫས་སྲུང་བ་བཅས་སྲུང་བའི་རྩ་ཆེའི་རང་བཞིན་ལའང་དེ་བས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེང་སང་ཆེད་རམས་པ་མང་པོས་གསེར་དངུལ་ལས་བཟོས་པའི་བོད་ཀྱི་གའུ་ཡི་སྤུས་ཚད་ལེགས་པོ་མི་འདུག་ཅེས་ཤོད་བཞིན་ཡོད་རུང་། དེ་ནི་གནའ་བོའི་མི་རྣམས་ལྐུགས་དྲགས་པ་དང་ཡང་ན་རྒྱུ་ཆར་སེར་སྣ་བྱས་པ་ཞིག་གཏན་ནས་མིན་པར་གའུ་ཡི་ངོས་སུ་སྦྱར་བའི་རིན་པོ་ཆེ་རྣམས་བརྟན་པོར་གནས་པའི་ཆེད་དུ་ཡིན།
གའུ་ནི་བོད་མི་རིགས་ཀྱི་ངོ་མཚར་ཆེ་བའི་བཟོ་རྩལ་དངོས་པོ་ཞིག་དང་བླ་ན་མེད་པའི་དད་སེམས་གནས་ས་ཞིག་ཡིན་པས། མི་ལ་རྒྱུ་དགོས། རྒྱུ་ལ་བདག་པོ་དགོས། ཞེས་པའི་དཔེ་ལྟར། གའུ་ཉར་ཚགས་བྱེད་མཁན་ཡིན་ནའང་འདྲ། ཡང་ན་ཕ་མེས་ཡང་མེས་ཀྱི་ཤུལ་འཛིན་པ་གང་ཞིག་ཡིན་རུང་གའུ་ཉར་ཚགས་གཟབ་ནན་བྱེད་དགོས་པ་མ་ཟད། གའུ་ཡི་ངོས་སུ་མར་བྱུག་རྒྱུ་ནི་སྐམ་ཤས་ཆེ་བའི་ས་མཐོར་གའུ་ཡི་སྣུམ་ཞག་སྲུང་འཛིན་བྱེད་པ་དང་འོད་མདངས་མི་ཡལ་བའི་ཐབས་དམ་པ་ཞིག་ཡིན་ནོ། །