གཡག་རྒྱབ་རི་བོའི་ཞོགས་སྤྲིན། བསྟན་འཛིན་ཉི་མས་པར་བླངས།
牛背山霞光 图 / 丁真尼玛
ང་དང་དར་རྩེ་མདོའི་ཉི་ནུབ།
རས་གཟན་དམར་པོ།
ཆར་སིམ་ཁྲོད་ཀྱི་མི་ཚོགས་ལགས་ཡར་མར་རྒྱུ་བ་ག་རེ་ཡིན། །
བཀོད་པ་མཛེས་པའི་ཁང་བརྩེགས་དག་ཡར་ལ་འགྲེངས་ནས་སུ་ལ་བལྟ། །
ཚོན་རུས་ལེགས་པའི་གློག་སྒྲོན་ཚོས་སུ་ཡི་མིག་ཟུང་སྒུལ་བར་འབད། །
འདི་གའི་མཚན་མོ་འུར་ཟིང་ཆེ་སྙིང་གི་ཤ་ཚ་འཆོར་བ་ངེས། །
གཙང་འགྲམ་དེ་ཡི་གཞོན་ནུ་ཟུང་བརྩེ་བའི་མེ་ཁ་གསོས་སམ་ལགས། །
ཡང་ན་དགའ་བའི་མངར་ཁ་ལ་ད་དུང་ཅི་ནས་རོལ་སམ་ཀྱེ། །
བུ་ཆུང་ཁེར་ཧྲེང་ད་ནངས་སྔ་ཉི་ནུབ་བར་དུ་བྲོས་པ་གན། །
རི་སུལ་དེ་ཡི་ཡུ་མོ་ཚོས་མིག་གི་མདའ་མོ་འཕེན་ནམ་སྙམ། །
ཡིད་ཀྱི་སྒོ་ཆེན་བྱང་ལ་ཕྱེས་བྱང་གི་གྲིབ་མ་ནང་དུ་འཛུལ། །
དྲན་ཤེས་དང་ནི་ཞེན་ཆགས་ཁྱེར་སུ་ཡི་རྣམ་ཤེས་འཚོལ་བར་མོས། །
ང་ཡི་དྲན་པ་ཁྱོད་ཀྱིས་འཕྲོག་ད་ནི་ང་རང་ཁེར་རྐྱང་སྟེ། །
རླུང་དང་ཆུ་མོ་སྐྱོམས་ས་ན་སྐྱོ་བའི་སྙན་ངག་གྱེར་བར་སྤྲོ། །
ཅུང་ཙམ་འཁྱག་པའི་མཚན་མོ་འདིར་ང་རང་ཞེ་ནས་སྐྱོ་བྱུང་སྟེ། །
ཕ་ཀིར་འཛུམ་པའི་སྨན་ཆུང་ཚོས་དུང་བའི་ཡིག་ཆུང་བྲིས་འདྲ་ལེ། །
ས་སྲོད་འདི་ལ་ཁེར་རྐྱང་ཡིན་ཞེ་སེམས་གདུངས་བས་གཙེས་ཙམ་བྱུང་། །
ཞུ་དུལ་འདོད་པའི་བདེ་བ་ཆེ་བློ་ཡི་ཞིང་ལ་སྨིན་པར་ཤོག །