( དེབ་གོང་མར་མཐུད། )
ཆེ་ས་སངས་རྒྱས་རྒྱ་མཚོ་གཉིས། །
གོང་མ་ཀུན་དགའ་ལེགས་པ་གསུམ། །
སྤྱན་སྔ་ངག་གི་དབང་པོ་བཞི། །
ཕྱི་ནང་འཁྲུག་རྩོད་དུས་སྐབས་ཡིན། །
6.ཕག་གྲུའི་གོང་མ་དྲུག་པ།གྲགས་པ་འབྱུང་གནས། སྤྱི་ལོ་1432ལོ་ནས་1445ལོའི་བར་སྲིད་བསྐྱངས། འདིའི་ཡབ་ཆེ་ས་སངས་རྒྱས་རྒྱ་མཚོས་རིན་སྤྲུངས་པའི་སྲས་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བསུས་པར་1414ལོར་སྲས་འདི་འཁྲུངས། གོང་མ་གྲགས་པ་རྒྱལ་མཚན་སྐུ་གཤེགས་པ་དང་ཡབ་ཀྱིས་སྲིད་དབང་བཟུང་རེ་བྱས་ཀྱང་གནད་དུ་མ་སྨིན། རིན་སྤུངས་ནོར་བུ་བཟང་པོ་རིན་སྤུངས་རྫོང་དཔོན་བྱས། དེ་ནས་ཕག་གྲུའི་སྲིད་དབང་ནང་དུ་རིན་སྤུངས་པའི་དབང་ཤུགས་ཆེན་པོར་གྱུར་སྤྱི་ལོ་1434ལོར་ཡར་ཀླུང་དུ་སྟག་ལོའི་སྡེ་གཟར་ཞེས་པའི་འཁྲུག་པ་ལངས། ཡབ་ཆེ་ས་སངས་རྒྱས་རྒྱ་མཚོ་སྣེའུ་གདོང་དུ་བཞུགས་མ་བདེ་བ་ཡར་རྒྱབ་ཏུ་ཕེབས་ནས་བཞུགས་དགོས་པ་བྱུང་། སྤྱི་ལོ་1435པའི་ཤིང་ཡོས་ལོར་རིན་སྤུངས་ནོར་བུ་བཟང་པོས་གཞིས་ཀ་རྩེ་སོགས་གཙང་ཁུལ་གྱི་རྫོང་གཞིས་འགའ་ཞིག་བཟུང་། སྤྱི་ལོ་1443ལོ་ཡབ་ཆེ་ས་སངས་རྒྱས་རྒྱ་མཚོ་སྣེའུ་གདོང་ཕོ་བྲང་དུ་ཕྱིར་ཕེབས་ཆོག་པར་བྱུང་འདུགའདི་ལ་སྲས་སྤྱན་སྔ་ངག་གི་དབང་པོ་སྤྱི་ལོ་1439ལོར་འཁྲུངས། །
7.ཕག་གྲུའི་གོང་བདུན་པ། ཆེ་ས་སངས་རྒྱས་རྒྱ་མཚོ། སྤྱི་ལོ་1445ལོ་ནས་1448ལོའི་བར་སྲིད་བསྐྱངས། འདི་ཉིད་སྲས་གྲགས་པ་འབྱུང་གནས་སྐུ་གཤེགས་པ་དང་སྲིད་བསྐྱངས། དུས་སྐབས་འདིར་ཐང་སྟོང་རྒྱལ་པོ་མདོ་སྨད་དུ་ཕེབས་ནས་སྡེ་དགེའི་ཐང་རྒྱལ་ལྷ་ཁང་བཞེངས། །
8.ཕག་གྲུའི་གོང་མ་བརྒྱད་པ།ཀུན་དགའ་ལེགས་པ། སྤྱི་ལོ་1448ལོ་ནས་1481ལོའི་བར་སྲིད་བསྐྱངས། འདི་ཆེ་ས་སངས་རྒྱས་རྒྱ་མཚོའི་སྲས་ཆུང་བ་ཡིན་ཡང་། གོང་མ་གྲགས་པ་འབྱུང་གནས་དང་མ་ཡུམ་མི་གཅིག་པའི་སྲས་ཞིག་ཡིན། རིན་སྤུངས་ནས་བདག་མོ་ཞིག་བཞེས་པར་སྲས་རིན་ཆེན་རྡོ་རྗེ་འཁྲུངས། གོང་མ་དང་བདག་མོའི་བར་མ་མཐུན་པའི་འཁྲུག་པ་བྱུང་ཚུལ། དེབ་དམར་གསར་མ་ལས། “གོང་མས་བཀའ་བཞི་པ་སྐུ་མཆེད་ཀྱིས་གང་ཞུས་གསན་པས། ཡབ་ཡུམ་ནང་མཚམས་སུ་སེལ་ཆེན་པོ་ཞུགས་ཏེ། ཡར་གོང་། བྱ་པ། བསམ་སྡེ་བ་སོགས་བདག་མོའི་ཕྱོགས་དང་། སྣེའུ། འོལ་ཁ་རྣམས་གོང་མའི་ཕྱོགས་སུ་ཆད་ནས་དུས་མི་བདེ་བ་མང་དུ་བྱུང་། ”ཞེས་པ་གསལ་བ་ལྟར། གོང་མ་རང་གི་ཕྱོགས་དང་། བདག་མོའི་ཕྱོགས་གཉིས་སུ་གྱེས་ཏེ་སྡེ་འཁྲུག་ཐེངས་ཁ་ཤས་བྱུང་། སྤྱི་ལོ་1480ལོར་རིན་སྤུངས་པ་ཀུན་ཏུ་བཟང་པོ་དང་། དོན་ཡོད་རྡོ་རྗེ་དང་། གཡུང་པ་ཚེ་དབང་སོགས་ཀྱིས་གཙང་དམག་ཁྲི་ཙམ་ཁྲིད་ནས་ཡར་ཀླུང་མཐིལ་དུ་སླེབས། སྣེའུ་རྫོང་དཔོན་ངག་དབང་བསོད་ནམས་དང་། བསོད་ནམས་རྣམ་རྒྱལ་གཉིས་ཡུལ་ཕུད། ཆུ་ཤུལ་ལྷུན་པོ་རྩེ་སོགས་རྫོང་གཞིས་འགའ་ཞིག་བཟུང་། །
9.ཕག་གྲུའི་གོང་མ་དགུ་པ། སྤྱན་སྔ་ངག་གི་དབང་པོ། སྤྱི་ལོ་1480ལོ་ནས་1490ལོའི་བར་སྲིད་བསྐྱངས། འདི་ནི་གོང་མ་གྲགས་པ་འབྱུང་གནས་ཀྱི་སྲས་སུ་སྤྱི་ལོ་1439ལོར་འཁྲུངས། སྤྱི་ལོ་1481ལོར་སྣེའུ་གདོང་ལོ་སར་སྐབས་རིན་སྤུངས་པ་ཁུ་དབོན་དང་།
རིན་སྤུངས་མཚོ་སྐྱེས་རྡོ་རྗེ་ཡིས། །
དཔོན་ཚབ་ཐེལ་གཏོང་ལོ་དགུར་བཟུང་། །
ངག་དབང་བཀྲ་ཤིས་གྲགས་པ་དང་། །
གོང་མ་སྤྱན་སྔ་གྲགས་འབྱུང་བ། །
ཞབས་དྲུང་ངག་དབང་གྲགས་པ་གསུམ། །
ཕྱི་ཚུལ་ཙམ་གྱི་སྲིད་སྐྱོང་ཡིན། །
ལོ་ངོ་ཉིས་བརྒྱ་རེ་བརྒྱད་ཙམ། །
ཕག་གྲུས་བསྐྱངས་པའི་སྲིད་དབང་ཡིན། །
10.ཕག་གྲུའི་སྲིད་སྐྱོང་བཅུ་པ། རིན་སྤུངས་མཚོ་སྐྱེས་རྡོ་རྗེ། སྤྱི་ལོ་1490ལོ་ནས་1499ལོའི་བར་སྲིད་བསྐྱངས། འདི་ལ་དཔོན་ཚབ་ཐེལ་གཏོང་ཟེར། སྤྱི་ལོ་1490པའི་ལྕགས་ཕག་ཟླ་བ་དྲུག་པའི་ཚེས་གཉིས་ཉིན་སྤྱན་སྔར་ངག་གི་དབང་པོ་སྐུ་གཤེགས་པ་དང་། ཐེལ་གྱི་མཁན་སློབ་སོགས་བགྲོས་ནས་གདུང་རྒྱུད་སྐུ་ན་མ་སོན་བར་སྣེའུ་གདོང་དཔོན་ཐེལ་ནས་བཀོད་སྒྲིག་བྱ་རྒྱུ་གྲོས་འཆམ་བྱུང་བར་དཔོན་ཚབ་ཐེལ་གཏོང་གི་དུས་ཟེར། སྐབས་དེར་ རིན་སྤུངས་པ་སྣེའུ་གདོང་གི་དཔོན་དུ་བསྐོས། སྡེ་དཔོན་གཞན་འགའ་མ་འདོད་པའི་རྐྱེན་གྱིས་དེའི་ཕྱི་ལོར་ཡར་ཀླུང་དུ་སྡེ་གཟར་ལངས། འཕྱོངས་རྒྱས་པས་སྡེ་སྲིད་ཀྱི་ལ་རྒྱ་ལ་དགོངས་ནས་ཐུགས་ཁོག་ཅི་ཆེར་མཛད་པས་ཡོ་འཁྱོམ་ཆེར་མ་བྱུང་། སྤྱི་ལོ་1498ལོ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོར་སེར་འབྲས་དགེ་གསུམ་གྱི་དགེ་འདུན་པ་ཕེབས་མི་ཆོག་པར་བཟོས། །
11.ཕག་གྲུའི་གོང་མ་བཅུ་གཅིག་པ། ངག་དབང་བཀྲ་ཤིས་གྲགས་པ། སྤྱི་ལོ་1499ལོ་ནས་1560ལོའི་བར་སྲིད་བསྐྱངས། པཎ་ཆེན་བསོད་གྲགས་ཀྱིས་དེབ་ཐེར་དམར་པོ་གསར་པ་བརྩམས་གྲུབ་པའི་ལོ་དེར་ཕག་གྲུའི་གོང་མ་འདི་ཉིད་ཞལ་བཞུགས་བཞིན་པ་ཡིན། དེབ་དམར་ལས་འདི་ཉིད་གོང་མ་དགུ་པ་ཡིན་པ་གསལ་པོར་གསུངས་ཡོད། འོན་ཀྱང་དེབ་དམར་ནང་དུ་ཆེ་ས་སངས་རྒྱས་རྒྱ་མཚོ་དང་། རིན་སྤུངས་མཚོ་སྐྱེས་རྡོ་རྗེ་གཉིས་གོང་མའི་གྲས་སུ་མ་བགྲངས་པས་འདི་དགུ་པ་ཡིན། སྤྱི་ལོ་1499ལོའི་ལོ་གསར་སྐབས་རིན་སྤུངས་པས་གཙོས་པའི་དཔོན་རིགས་རྣམས་སྣེའུ་གདོང་དུ་འཚོགས་ནས་ངག་དབང་བཀྲ་ཤིས་གྲགས་པ་ཕག་གྲུའི་སྲིད་ཁྲིར་བཀོད། སྤྱི་ལོ་1503པའི་ཆུ་ཕག་ལོར་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་ལྷ་སའི་ཤར་ཕྱོགས་སུ་ཀརྨ་དགོན་གསར་བཏབ་པ་དགའ་ལྡན་ཕོ་བྲང་གིས་སྐབས་སུ་སེར་འབྲས་གྲྭ་དམག་གིས་དགོན་པ་གཏོར། སྤྱི་ལོ་1504ལོར་རིན་སྤུངས་པའི་སྲིང་མོ་ཞིག་ཁབ་ཏུ་བཞེས། སྤྱི་ལོ་1510ལོར་རིན་སྤུངས་མཚོ་སྐྱེས་རྡོ་རྗེ་སྐུ་གཤེགས་པ་དང་སྲས་ངག་དབང་རྣམ་རྒྱལ་གྱིས་ཨེ་དང་། གཉལ་ཁུལ་དུ་དམག་དྲངས་པ་གོང་མ་འདིས་བཤོལ་ཀྱང་བཀའ་ལ་མ་བརྩིས་པས་གོང་མ་དང་རིན་སྤུངས་པའི་བར་འགལ་བ་གྱུར། སྤྱི་ལོ་1515ལོར་རིན་སྤུངས་པས་བསླངས་བའི་སྡེ་འཁྲུག་ལངས། སྤྱི་ལོ་1518ལོར་ལྷ་སའི་སྨོན་ལམ་ཆེན་པོའི་ནང་དུ་སེར་འབྲས་ཀྱི་གྲྭ་པ་རྣམས་འཚོགས་ཆོག་པར་བྱུང་། སྤྱི་ལོ་1522ལོ་ནས་1538ལོའི་བར་དབུས་གཙང་སྡེ་འཁྲུག་མི་བྱེད་པའི་ཆིངས་རྒྱ་བཞག། སྤྱི་ལོ་1548ལོར་རིན་སྤུངས་པས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཞིས་རྩེའི་རྫོང་དཔོན་དུ་བསྐོས། སྤྱི་ལོ་1560ལོའི་ཡས་མས་ཙམ་ན་རིན་སྤུངས་པས་རྩེར་དམག་དྲངས་ནས་གོང་མ་བཀྲ་ཤིས་གྲགས་པ་ཁྲི་ལས་བཤོལ་ཏེ། ཞབས་དྲུང་ངག་དབང་གྲགས་པ་སྡེ་སྲིད་ཀྱི་ཁྲིར་བཀོད་ཀྱང་ཡུན་རིང་མ་འགོར་བ་གོང་མ་བཀྲ་ཤིས་གྲགས་པ་སླར་ཡང་ཁྲིར་བཞུགས། །
12.ཕག་གྲུའི་གོང་མ་བཅུ་གཉིས་པ། སྤྱན་སྔ་གྲགས་འབྱུང་བ། སྤྱི་ལོ་1563ལོ་ནས་1572ལོའི་བར་སྲིད་བསྐྱངས། སྤྱི་ལོ་1563ལོ་ཙམ་ན་སྡེ་སྲིད་ཀྱི་ཁྲི་ལ་བཀོད། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། བདུད་མི་སྤུན་དགུས་དབུས་གཙང་ལན་མང་དུ་དཀྲུགས་པའི་བྱི་གླང་སྡེ་གཟར་གྱི་སྐབས་སུ་སྣེའུ་གདོང་དུ་གྲགས་འབྱུང་མིང་ཅན་ཡོད་པའི་ལུང་ལྟར་ན། སྐབས་དེར་གྲགས་འབྱུང་མིང་ཅན་ནི་འདི་ཉིད་ཡིན་པ་སྨོས་མེད་རེད། ལོ་དེར་ས་སྐྱ་དང་བྱང་བདག་འཁྲུགས་པར་རིན་སྤུངས་པས་ས་སྐྱའི་རྒྱབ་རྩར་དམག་ཆས། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་དམག་བཏེགས། ཞིང་ཤག་པས་རིན་སྤུངས་སྲས་པདྨ་དཀར་པོ་བཀྲོངས། སྤྱི་ལོ་1564ལོར་ཞིང་ཤག་པས་དམག་གི་རུ་འདྲེན་གནང་སྟེ། གཙང་ཕྱོགས་ཐམས་ཅད་དབང་དུ་བྱས། སྤྱི་ལོ་1570པའི་ལྕགས་རྟ་ལོར་ལ་དྭགས་གུ་གེ་ལ་སླེབས། བླ་མ་སྟག་ཚང་བར་འདུམ་བྱས་པས་འཁྲུགས་རྩོད་ཞི། །
13.ཕག་གྲུའི་གོང་མ་བཅུ་གསུམ་པ། ཞབས་དྲུང་ངག་དབང་གྲགས་པ། སྤྱི་ལོ་1572ལོ་ནས་1618ལོའི་བར་སྲིད་བསྐྱངས། སྡེ་སྲིད་གྲགས་འབྱུང་བ་སྐུ་གཤེགས་པ་དང་། ཞབས་དྲུང་ངག་དབང་གྲགས་པ་སྡེ་སྲིད་ཀྱི་ཁྲི་པའི་རྣམ་པ་ཙམ་བཞུགས། དོན་དུ་དབུས་གཙང་གི་དབང་ཆ་ཕལ་ཆེར་ཞིང་ཤག་པ་ཕ་བུའི་ལག་ཏུ་ཤོར། འདི་ལ་སྲས་བཀའ་བརྒྱུད་པ་རྣམ་པར་རྒྱལ་བ་དང་། དེའི་སྲས་མི་ཕམ་བསོད་ནམས་ཕྱུག་འཁྲུངས་པ་དེ་སྤྱི་ལོ་༡༦༤༣་པའི་ཆུ་ལུག་ལོར་རྒྱལ་བ་ལྔ་པས་དཔྱིད་ཀྱི་རྒྱལ་མོའི་གླུ་རྩོམ་པའི་ལོ་དེར་ཞལ་བཞུགས་ཡོད་པར་གསུངས། སྤྱི་ལོ་1578ལོར་གུ་གེའི་དམག་གིས་མྱང་པོ་རི་རྫོང་དགོན་སྡེ་བཅོམ། སྤྱི་ལོ་1579ལོར་སྡེ་པ་ཞིང་ཤག་པས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གནས་དབྱུང་བཏོང་། །
གསེར་ཟངས་བསྐྲུན་པའི་ལྷ་ཆེན་དང་། །
ཐང་སྟོང་རྒྱལ་པོའི་ལྕགས་ཟམ་དང་། །
ཤིང་སྤར་ཐོག་མའི་བཀའ་འགྱུར་དང་། །
ཀརྨ་པ་ཡི་ཆོས་སྒར་རྣམས། །
ཕག་གྲུའི་སྲིད་སྐྱོང་དུས་འདིར་བྱུང་། །
གསེར་དངུལ་གྱི་བཀའ་བསྟན་སྐོར། ཐོག་མར་ཕག་གྲུའི་སྲིད་དབང་ཚུགས་ཁ་མའི་སྐབས་ཙམ་ན་ཚལ་པ་ཀུན་དགའ་རྡོ་རྗེས་གསེར་དངུལ་གྱི་ཞུན་ཁུ་བསྲེས་མའི་བཀའ་འགྱུར་ཆ་ཚང་ཞིག་བཞེངས། བཀའ་འགྱུར་དེ་ལ་པོད་གྲངས་ཉིས་བརྒྱ་དྲུག་ཅུ་ཡོད་པར་གྲགས། ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་བཞེངས་པའི་གསེར་གྱི་བཀའ་འགྱུར། ཝང་གྲགས་པ་རྒྱལ་མཚན་གྱིས་སྐབས་སུ་བཀའ་འགྱུར་གསེར་བྲིས་མ་ཆ་ཚང་གཉིས་དང༌། གསེར་དངུལ་འདྲེས་མ་གཅིག་སྐྱ་བྲིས་ཚར་གཅིག་བཅས་གསར་བཞེངས་གནང་ཡོད། སྡེ་སྲིད་གྲགས་པ་འབྱུང་གནས་ཀྱི་སྐབས་སུ་བཞེངས་པའི་འཕྱོངས་རྒྱས་འཕྱིང་བ་སྟག་རྩེའི་བཀའ་འགྱུར། རབ་བྱུང་བདུན་པའི་ལྕགས་ཕག་སྤྱི་ལོ་1431ལོར་རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་ཀྱིས་སྣར་ཐང་གི་བཀའ་འགྱུར་མ་དཔེར་གནང་སྟེ་བཀའ་འགྱུར་གསེར་བྲིས་ཅན་བཞེངས་པ། སོགས་གསལ་བ་ལྟར་སྐབས་དེར་བོད་ཀྱི་ཡུལ་དུ་བཀའ་བསྟན་གསར་བཞེངས་བྱེད་པའི་ལས་ཀ་ལ་མི་དངོས་འབྱོར་གསུམ་གྱི་ནུས་ཤུགས་རྒྱ་ཆེན་པོར་བཏོན་ཡོད་པ་ཤེས་ཐུབ། །
སྐུ་རྟེན་གྱི་སྐོར། སྐབས་དེར་གསེར་སྐུ་དང་ཟངས་སྐུ། འདག་སྐུ། ཤིང་སྐུ་ལ་སོགས་པ་སྒྱུ་རྩལ་ཁྱད་དུ་འཕགས་བྱུང་པ་ལས། སྐད་གྲགས་དང་སྐུ་ཚད་ཆེ་ཤོས་དཔེར་ན། ངམ་རིང་བྱམས་ཆེན་དང༌། རོང་བྱམས་ཆེན། འབྲས་སྤུངས་དགོན་གྱི་བྱམས་པ་མཐོང་གྲོལ་མ་ལ་སོགས་པ་རྣམས་ནི་ཕག་གྲུ་སྡེ་སྲིད་ཀྱི་དུས་རབས་སུ་བཞེངས་པ་ཡིན་ནོ། །
ལྕགས་ཟམ་དང་གྲུ་ཤན་སྐོར། སྐབས་དེར་ཐང་སྟོང་རྒྱལ་པོས་བོད་ཡུལ་སྟོད་སྨད་བར་གསུམ་ལ་ལྕགས་ཟམ་ལྔ་བཅུ་ང་བརྒྱད་བཙུགས། ཤན་ཆེན་དང་གྲུ་ཤན་ལྷན་དུ་བརྒྱ་དང་བཅོ་བརྒྱད་བཟོས། ཤིང་ཟམ་དྲུག་ཅུ་ཐམ་པ་བཙུགས། ཞེས་ཐང་སྟོང་རྒྱལ་པོའི་རྣམ་ཐར་ན་གསལ་བ་དེ་དག་ལས་གཙང་རི་བོ་ཆེའི་ལྕགས་ཟམ་དང༌། ལྷ་རྩེའི་ལྕགས་ཟམ། རྒྱལ་མོ་དངུལ་ཆུའི་ལྕགས་ཟམ་ལྟ་བུ་རྣམས་ཡིན། །
སྒར་ཆེན་འཛམ་གླིང་རྒྱན། བོད་ཀྱི་ལོ་རྒྱུས་ཐོག་ཆོས་ཚོགས་ཆེས་ཆེ་ཤོས་ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་ནི། ཆོས་ཚོགས་ཀྱི་སྒར་ཆེན་ཐོག་མར་དབུ་བརྙེས་ཚུལ། རབ་བྱུང་དྲུག་པའི་མེ་རྟ་སྤྱི་ལོ་1366ལོར་ཀརྨ་པ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་ཕྱིར་བོད་དུ་བྱོན་སྐབས། ལམ་དུ་ཞལ་མཇལ་ཞུ་མཁན་ཁྲི་ཕྲག་མང་པོ་བྱུང་ཞིང༌། འགའ་ཞིག་ཕ་མ་རྒན་རྒོན་རྣམས་རྔ་མོང་ལ་བཀལ་ནས་ཟླ་ལམ་བརྒྱུད་དེ་བྱུང་བ་དང༌། འགའ་ཞིག་དད་མོས་ཀྱི་གོམ་པ་བདུན་རེའི་མཚམས་ན་ཕྱག་གསུམ་རེ་འཚལ་ནས་འོངས་པར་གྲགས་པ་དེ་དག་རྣམས་ལ་བསྡུ་བ་རྣམ་པ་བཞིས་ཆོས་ཀྱིས་ཚིམ་པར་མཛད། དུས་དེར་སྟོད་ཧོར་རྒྱལ་པོས་འབུལ་བ་མང་པོ་དང་བཅས་གདན་ཞུས་པ་འབྱོར་ཡང་མ་བྱོན། མདོ་སྟོད་བརྒྱུད་དེ་དབུས་སུ་བྱོན་པའི་ལམ་དུ་འདན་དང༌། རོང་པོ་དང༌། ཁྱུང་པོ་དཀར་ནག་ཤོད། བརྒྱད་ཤོག སོག་སྟོད་སྨད། ཀོང་པོ་སོགས་ཀྱི་སེར་སྐྱ་ཁྲི་ཕྲག་མང་པོར་མཇལ་ཁ་ཞུ་བར་འོངས་པ་དེ་དག་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱས། དབུས་སུ་བྱོན་པའི་ཚེ་འཁོར་བའི་བྱ་བ་མཐའ་དག་བློས་བཏང་ནས་དགེ་སྦྱོར་སྒོམ་སྒྲུབ་ལ་བརྩོན་པའི་དམ་བཅའ་བརྟན་པོར་ཐོབ་པའི་དད་ལྡན་གྱི་སེར་སྐྱ་མང་པོ་ཞིག་བླ་མ་དང་འབྲལ་མི་ཕོད་པའི་དད་འདུན་གྱིས་ཕྱག་ཕྱིར་འབྲངས། མཚུར་ཕུར་འབྱོར་པ་དང་བླ་མའི་བཞུགས་གནས་ཀྱི་ཉེ་སྐོར་དུ་སྒར་བཏབ་ཏེ་དགེ་སྦྱོར་ལ་བརྩོན། སྐབས་དེར་རྒྱ་ནག་ཏཱ་མིང་གོང་མ་ཧུན་ཨུ་རྒྱལ་པོས་འབུལ་བ་དང་བཅས་ཏེ་གདན་ཞུ་བ་བཏང་ཡང་དད་ལྡན་གྱི་སེར་སྐྱ་ཁྲི་ཚོ་མང་པོའི་དགེ་སྦྱོར་ལ་བར་ཆད་དུ་དོགས་ནས་མ་བྱོན། དད་ལྡན་སེར་སྐྱ་ དེ་དག་བླ་མ་གར་བྱོན་གར་བཞུགས་ཀྱི་རྗེས་སུ་དྲངས་ཏེ་ཉེ་སྐོར་དུ་སྒར་བཏབ། དགེ་སྦྱོར་སྒོམ་བཟླས་ལ་བརྩོན་ནས་རྒྱུན་འཁྱོངས་པར་བྱེད་པ་དེ་ལ་ཀརྨ་པའི་ཆོས་སྒར་ཞེས་བྱ་བ་དེ་ཐོག་མར་བྱུང་ཡོད། ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པའི་སྐབས་སུ་སྒར་ཆེན་གྱི་ཐོབ་ཐང་ཡང་མཐོ་རུ་ཕྱིན་སྟབས་སྒར་པ་ཁག་གཅིག་གི་སྤྱོད་པ་ལ་ངན་ཤན་ཅུང་ཟད་ཐེབས་པ་ན། དྲུང་རྨ་སེ་རྟོགས་ལྡན་གྱིས་ཞུས་པ་བཞིན་སྒར་གྱི་བཅའ་ཁྲིམས་བསྡམས།སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱི་སྐབས་སུ་སྒར་ཆེན་ཡོངས་ལ་ཐུན་མོང་གི་རིག་གནས་དང༌། ནང་བརྟག་རྒྱུད་གསུམ་གཙོས་པའི་གཞུང་བཤད་དང༌། རྒྱལ་བའི་བཀའ་འགྱུར་ལྟ་ཀློག་བྱ་རྒྱུ་བཅས་དར་ཁྱབ་བྱུང་། གནའ་མིའི་ངག་རྒྱུན་དུ། སྐབས་དེར་ཀརྨ་པའི་སྒར་ཆེན་གྱིས་ཞོགས་པའི་གསོལ་ཆས་མ་བཞེས་པའི་གོང་ལ་ཉིན་ལྟར་མ་ཆགས་པར་རྒྱལ་བའི་བཀའ་འགྱུར་ཚར་རེ་ཀློག་འདོན་བྱེད་བཞིན་ཡོད་པར་བཤད། སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་སུ་སྣེའུ་གདོང་དང་སྡེ་པ་རིན་སྤུངས་པ་བཅས་ཀྱིས་དད་གུས་ཆེན་པོ་ཐོབ་སྟབས་སྒར་ཆེན་གྱི་ཐོབ་ཐང་དང༌། འཚོ་བའི་མཐུན་རྐྱེན་བཅས་ཡར་རྒྱས་བྱུང་། སྒར་ཆེན་ཡོངས་ཀྱི་བསྲུང་བྱའི་སྒྲིག་ཁྲིམས་གཏན་འབེབས་གནང་བ་དང༌། ལས་སྣེ་སོ་སོའི་གོ་གནས་དང་བསྟུན་པའི་ལས་ཞྭ། ལས་གོས་སོགས་གོ་རིམ་དང་ལྡན་པ་གསར་བཟོ་གནང༌། སྒར་ཆེན་གྱི་ཁོངས་མི་ཡོངས་ལ་སྒར་ཞྭ་དང༌། སྒར་སྟོད་ཅེས་པའི་ཞྭ་གོས་ཆ་འགྲིག་བྱེད་པའི་བཀོད་པ་མཛད། ཞྭ་གོས་དེ་དག་ནི་དེང་དུས་ཀྱང་བཀའ་བརྒྱུད་པའི་དགོན་པ་ཁག་གི་བླ་གྲྭ་རྣམས་བྱེས་ཕེབས་ཀྱི་སྐབས་སུ་བེད་སྤྱོད་གནང་བཞིན་ཡོད་དོ། །