ཏེན་མག་གི་མཛེས་ལྗོངས།
ཏེན་མག་རྒྱལ་པོའི་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཏེན་མག་ཅེས་འབོད་པ་ནི་ཡོ་རོབ་བྱང་མའི་རྒྱལ་ཁབ་ལྔའི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན། ཏེན་མག་གི་བྱང་རྒྱུད་བྱང་མཚོ་དང་པོ་ལོ་ཏི་རྒྱ་མཚོ། སི་ཝེས་དན། ནོར་ཝེ་བཅས་དང་འབྲེལ་ཞིང་། ལྷོ་རྒྱུད་འཇར་མན་དང་འདབ་འབྲེལ་དུ་གནས། འཛམ་གླིང་གི་ཆེས་ཐོག་མའི་རྒྱལ་དར་ནི་སྤྱི་ལོ་1219ལོར་བྱུང་བའི་ཏེན་མག་རྒྱལ་དར་ལ་ངོས་འཛིན་བྱེད་ཅིང་། ཀུན་གྱིས་དེ་ལ་ཏེན་མག་གི་སྟོབས་ཤུགས་ཞེས་འབོད། ཏེན་མག་ལ་འཐུས་ཚང་ཞིང་ཚད་མཐོ་བའི་སྤྱི་ཚོགས་ཕན་བདེ་ལམ་ལུགས་གྲུབ་ཡོད་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་མགྱོགས་ཤིང་དབུལ་ཕྱུག་གི་བར་ཁྱད་ཆུང་།
ཏེན་མག་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་རིག་གནས་ཀྱི་རྫོང་སྟུག་པ། ཤེས་རིག་དང་རིག་གནས་ཐོན་ལས་ལ་དང་དོད་ཆེན་པོ་བྱེད་པའི་རྒྱབ་ཁབ་ཅིག་ཡིན། ད་ལྟའི་བར་ཏེན་མག་རྒྱལ་ཁབ་ཀྱི་མི་13ལ་ནོའུ་པེར་བྱ་དགའ་ཐོབ་པ་དང་། སྐྱེ་དངོས་རིག་པ་དང་ཁོར་ཡུག་རིག་པ། གནམ་གཤིས་རིག་པ། རིམས་འགོག་རིག་པ་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་དང་གྲུབ་འབྲས་འཛམ་གླིང་གི་སྔོན་གྲས་སུ་ཚུད་ཡོད།
བྱིས་སྒྲུང་གི་འཇིག་རྟེན་དུ་གྲགས་པའི་ཀིན་ལོན་ལན་གླིང་ཕྲན།
ངའི་སྙིང་ཉེ་བའི་ཀློག་པ་པོ་ལགས། 《འབར་ཞུན་བཙོང་བའི་བུ་མོ།》དང་《མཚོའི་སྲས་མོ།》 《གོང་མའི་ན་བཟའ་གསར་པ།》སོགས་མཚར་འཛིན་གྱིས་ཕྱུག་པའི་བྱིས་སྒྲུང་དེ་དག་ད་དུང་ཁྱེད་ཀྱི་སེམས་ངོགས་སུ་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་གསལ་ལེར་ཡོད་དམ། འཛམ་གླིང་ན་མིང་དུ་གྲགས་པའི་རླབས་ཆེན་གྱི་བྱིས་སྒྲུང་རྩོམ་པ་པོ་ཨན་ཐོ་སིན་ནི་གསར་གཏོད་ཀྱི་སྟོབས་ཤུགས་ཆེས་ཆེ་བའི་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གིས་མཛད་པའི་བྱིས་སྒྲུང་དག་གིས་འཛམ་གླིང་གི་ཀློག་པ་པོ་མང་པོ་ཞིག་གི་བྱིས་དུས་ཀྱི་འཚོ་བར་མཛེས་སྡུག་གི་རི་མོ་བྲིས་མྱོང་ཡོད་ངེས། ཨན་ཐོ་སིན་གྱིས་བརྩམས་པའི་བྱིས་སྒྲུང་དེ་དག་གི་ཤུགས་རྐྱེན་གྱིས་ཀུན་གྱིས་ཏེན་མག་རྒྱལ་ཁབ་ལ་བྱིས་སྒྲུང་གི་རྒྱལ་ཁབ་ཅེས་མིང་དོན་མཚུངས་པའི་ཞིག་མཚན་སྙན་ཞིག་གསོལ་ཡོད། སྤྱི་ལོ་1913ལོར་ཏེན་མག་གི་བརྐོས་རིས་སྒྱུ་རྩལ་པ་ཨེ་ཏི་ཧྭ་ཨའེ་རེས་ཁི་སིན་གྱིས་ཨན་ཐོ་སིན་གྱི《མཚོའི་སྲས་མོ།》ཞེས་པའི་བྱིས་སྒྲུང་གཞིར་བཟུང་ནས་ཀླུ་མོའི་ཟངས་སྐུ་ཞིག་བཟོས་ཤིང་ཟངས་སྐུ་དེ་ད་ལྟའི་ཁོ་ཕེན་ཧ་ཀེན་གྱི་ཆུ་རགས་སྤྱི་གླིང་དུ་གནས་ལ། དེ་ནི་ཏེན་མག་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་གྱི་བཟོ་བཀོད་ཅིག་ཏུ་ངོས་འཛིན་བྱེད། ཉའི་རྔ་དབྱིབས་སུ་མངོན་པའི་གཞོན་ནུ་མ་ཆུང་ཆུང་དེ་མཚོ་འགྲམ་གྱི་བྲག་རྡོའི་སྟེང་ལྷིང་འཇགས་སུ་གནས་ཤིང་མིག་ཟུང་རྒྱང་རིང་ལ་གཏད་དེ་ཆེས་ལྐོག་གྱུར་གྱི་གནད་དོན་ཞིག་ལ་བསམ་གཞིགས་བྱེད་བཞིན་པའམ། ཡང་ན་དྲན་གདུང་གི་ཀློང་ན་ཡལ་མ་མྱོང་བའི་ཆེས་རྒྱང་རིང་གི་མི་ཞིག་ལ་རེ་བས་སྒུག་པ་དང་ཀུན་ནས་མཚུངས། ཁོ་ཕེན་ཧ་ཀེན་གྲོང་ཁྱེར་གཞུང་སྒྲུབ་ཁང་གི་ཉེ་འགྲམ་གྱི་ཐང་ཆེན་དུ་གདོང་ལ་བརྩེ་བས་ཕྱུག་པའི་སྐུ་གདུང་ཞིག་ཡོད་པ་དེ་ནི་རླབས་ཆེན་གྱི་བྱིས་སྒྲུང་རྩོམ་པ་པོ་ཨན་ཐོ་སིན་གྱི་སྐུ་གདུང་རེད། ལྗོངས་རྒྱུ་བ་དག་གནས་འདི་བརྒྱུད་དུས་བྱིས་སྒྲུང་གི་ཡབ་ཆེན་འདི་ཉིད་ལ་ལག་འཇུ་བྱེད་པ་དང་མཉམ་པར་བསྐྱོན་ངེས། གཞན་ཨན་ཐོ་སིན་གྱི་ཕ་ཡུལ་གྱི་བཞུགས་གནས་སུ་བཤམས་སྟོན་ཁང་ཆེན་པོ་ཞིག་བཞེངས་ཏེ་ལྟད་མོ་བ་ཁྲི་ཕྲག་མང་པོར་རླབས་ཆེན་གྱི་སྐྱེས་བུ་འདི་ཉིད་དང་ཉེ་བར་བཅར་བའི་གོ་སྐབས་བསྐྲུན།
རེ་བ། ཧྥུང་ཀོང་རུའེ་ཡིས་པར་བླངས།
ཨན་ཐོ་སིན་ནི་དུས་རབས་19བར་འཁྲུངས་པའི་ཏེན་མག་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་འཛམ་གླིང་རྩོམ་རིག་གི་བྱིས་སྒྲུང་གསར་གཏོད་པ་ཡིན། ཁོང་གི་བརྩམས་ཆོས་ལ་གཏིང་ཟབ་པའི་མཛེས་དཔྱོད་ཀྱི་རིན་ཐང་དང་ཟློས་གར་རང་བཞིན་གྱི་རྩེད་མཚར་གྱི་ཁྱད་ཆོས་ལྡན། སྤྱི་ལོ་1954ལོར་རྒྱལ་སྤྱིའི་བྱིས་པའི་དཔེ་ཀློག་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཨན་ཐོ་སིན་གྱི་གཟེངས་རྟགས་བྱ་དགའ་གསར་འཛུགས་བྱས་ཤིང་། དེ་ནི་བྱིས་པའི་རྩོམ་རིག་ཁྲོད་ཀྱི་གཟི་བརྗིད་ཆེས་མཐོ་བའི་གཟེངས་རྟགས་ལགས།
ཏེན་མག་ནི་འཛམ་གླིང་གི་ལོ་རྒྱུས་ཆེས་རིང་བའི་གནའ་བོའི་གོང་མའི་རྒྱལ་ཁབ་ཅིག་ཡིན། འབྲེལ་ཡོད་ལོ་རྒྱུས་དཔྱད་གཞི་ལྟར་ན་རྒྱལ་པོ་ཧྭ་ལར་(སྤྱི་ལོ་940ནས་སྤྱི་ལོ་986)ནས་ད་ལྟའི་རྒྱལ་པོ་མཱ་ཀི་ལི་ཏི་སྐུ་ཕྲེང་གཉིས་པའི་བར་ལོ་ངོ་སྟོང་ལྷག་གི་རྒྱལ་རྒྱུད་ལོ་རྒྱུས་ལྡན། ཏེན་མག་གི་ཚབ་མཚོན་དུ་གྱུར་བའི་རྒྱལ་རྒྱུད་ལ་སྲིད་སྐྱོང་གི་དབང་ཆ་མེད་ནའང་ཏེན་མག་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་རེད། དེ་བས་རྒྱལ་རྒྱུད་ནི་ཏེན་མག་རྒྱལ་ཁབ་ཀྱི་མི་དམངས་ཀྱི་རུས་པའི་གཏིང་ལ་ཟུག་ཅིང་སེམས་སུ་དོར་ཐུབ་མེད་པའི་སྲོལ་རྒྱུན་གལ་ཆེན་ཞིག་ཏུ་གྱུར་འདུག ཏེན་མག་ཏུ་དུས་རབས་མི་འདྲ་བར་བཞེངས་པའི་གོང་མའི་ཕོ་བྲང་མང་པོ་ཡོད་དེ། ཕོ་བྲང་རེ་རེ་ནི་དུས་རབས་སོ་སོའི་བསྡུས་གཟིགས་སུ་གྲུབ། ཕོ་བྲང་དེ་དག་ནི་སྐབས་ཐོག་སོ་སོའི་མིང་དུ་གྲགས་པའི་འཆར་འགོད་པས་ཇུས་འགོད་གནང་ཞིང་རྣམ་པའི་ཆ་ནས་གནའ་དེང་ཟུང་དུ་སྦྲེལ་པས། བཟོ་བཀོད་དག་ལ་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་བླ་ལྷག་ལྡན།
ཨན་ཐོ་སིན་དངོས་མང་བཤམས་སྟོན་ཁང་།
ཀུན་གྱི་བློ་ངོས་ན་ཡོད་པའི་རྒྱང་ཐག་རིང་ཞིང་ཁྱད་མཚར་གྱིས་ཕྱུག་པ། གདོད་མའི་ཁྱད་ཆོས་ལྡན་པའི་ཀིན་ལིན་ལན་ནི་ཏེན་མག་གི་རང་སྐྱོང་ཁུལ་ཞིག་ཡིན་ལ། དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་གླིང་ཕྲན་ཡིན། འབྲེལ་ཡོད་ཡིག་ཆ་ལྟར་ན། ཀིན་ལིན་ལན་ནི་ལྗང་མདོག་གི་ས་གཞི་ཞེས་པའི་དོན་དུ་འགྲེལ། གླིང་ཕྲན་འདིར་དུས་བཞིའི་འགྱུར་བག་གསལ་བ་དང་། རི་བོ་མང་བ། གནམ་གཤིས་འཁྱགས་པ། རྩི་ཤིང་ཉུང་བ། དུས་བཞིར་ཁ་བ་འབབ་པ། གླིང་ཕྲན་ཡོངས་ལས་གཞི་ཁྱོན་85%འཁྱགས་དར་དང་ཁ་བས་གཡོགས་ཡོད། གླིང་ཕྲན་དེར་མི་གྲངས་ཁྲི་ལྔ་ལྷག་འཚོ་སྡོད་བྱས་ཡོད་པ་དང་དེ་ལས་90%ནི་ཨེ་སི་ཅི་མའོ་ཡི་མི་ཡིན། ཏེན་མག་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀིན་ལིན་ལན་གླིང་ཕྲན་གྱི་ཨེ་སི་ཅི་མའོ་མིའི་འཚོ་བར་འགྱུར་བ་ཆེན་པོ་བྱུང་ནའང་། རང་བྱུང་ཆ་རྐྱེན་གྱི་དབང་གིས་འགྲིམ་འགྲུལ་དང་དེང་རབས་ཆ་འཕྲིན་སོགས་ཀྱི་ཆ་རྐྱེན་ཅུང་ཞན་ལ། འཚོ་ཐབས་ཀྱི་ཐད་ནས་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་ཐབས་རྒྱུན་འཛིན་བྱས་ཡོད། རང་བྱུང་ཁོར་ཡུག་དང་རིག་གནས་སེམས་ཁམས་ཀྱི་དབང་གིས་གླིང་ཕྲན་འདིར་འཚོ་སྡོད་བྱས་པའི་ཨེ་སི་ཅི་མའོ་མིར་ཁ་བ་ལ་བརྩེ་བ་དང་དད་ཞེན་བླ་ལྷག་ལྡན་པ་དང་། ཁ་བ་གཅིག་པུར་དོན་མཚུངས་པའི་མིང་བརྡ་ལྔ་བཅུ་ལྷག་ཡོད་པར་སྐད། དབྱར་ཁར་གླིང་ཕྲན་འདིར་ཉི་མ་ནུབ་རྒྱུ་མེད་པས་ཀུན་གྱིས་ཀིན་ལིན་ལན་གླིང་ཕྲན་ལ་ཉི་མ་མི་ནུབ་པའི་གླིང་ཕྲན་ཞེས་འབོད།
ཧྥེ་རྡི་རུའེ་ཕོ་བྲང་ཆེན་མོ།
ཟླུམ་གཟུགས་མཆོད་རྟེན་ནི་ཁོ་ཕེན་ཧ་ཀེན་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གནས་ཤིང་། དེ་ནི་སྤྱི་ལོ་1645ལོར་ཀི་ལི་སི་ཆིན་སྐུ་ཕྲེང་བཞི་པས་སྲིད་སྐྱོང་སྐབས་བསྐྲུན་ཞིང་། མཆོད་རྟེན་གྱི་མཐོ་ཚད་ལ་སྨི་36དང་ཚངས་ཐིག་ལ་སྨི་15ཡོད། ཟླུམ་གཟུགས་མཆོད་རྟེན་དང་ཆོས་ཁང་གཉིས་གཞི་གཅིག་ཏུ་འབྲེལ་ཡོད་པས། ཟླུམ་གཟུགས་མཆོད་རྟེན་གྱི་ཡང་སྟེང་དུ་གྲོང་ཁྱེར་འདིའི་སྣོད་བཅུད་ཀྱི་བཀོད་པ་ལོངས་སུ་སྤྱད་ཆོག་པར་མ་ཟད། མཆོད་རྟེན་འདིའི་ཉེ་འགྲམ་ནས་ལྷ་ཆོས་རིག་གནས་ཀྱི་ལྐོག་གྱུར་མཛེས་པར་སེམས་ཀྱིས་མྱོང་ཆོག
ཏཱ་པེར་ཐི་མཚོ་འགག་གི་ཟམ་ཆེན་ནི་ཏེན་མག་རྒྱལ་ཁབ་ཀྱི་ཞི་ལན་གླིང་ཕྲན་དང་ཧྥེ་དབྱིན་བར་གྱི་སྤྱི་ལེ་18ཅན་གྱི་ཏཱ་པེར་ཐི་མཚོ་འགག་ཏུ་གནས་ཤིང་། ཟམ་ཆེན་འདིའི་སྤྱིའི་རིང་ཚད་ལ་སྨི་1624ཡོད་པས། འདི་ནི་འཛམ་གླིང་སྟེང་ཆེས་རིང་བའི་འཕྱངས་ཟམ་དུ་གྲགས། དེ་མིན་ཏེན་མག་ནི་གླིང་ཕྲན་མང་པའི་རྒྱལ་ཁབ་ཅིག་ཡིན་ལ། རྣམ་པ་དང་ཆེ་ཆུང་མི་འདྲ་པའི་ཟམ་པ་མང་པོས་གླིང་ཕྲན་དག་མཉམ་དུ་སྦྲེལ་ཡོད་པས། ཀུན་གྱིས་ཏེན་མག་ལ་ཟམ་པ་མང་པའི་རྒྱལ་ཁབ་ཅེས་ཀྱང་འབོད། །
ཀླུ་མོའི་ཟངས་སྐུ། ཧྥུང་ཀོང་རུའེ་ཡིས་པར་བླངས།