
སྤྱི་ཟླ་7པའི་ཚེས་23ཉིན། ང་ཚོ་གསར་འགོད་པ་འགའ་ཞོགས་པའི་ཉི་འོད་ཀྱི་འཛུམ་ཟེར་དང་ལྷན་དུ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་ཞེས་གྲགས་པའི་སྡེ་དགེ་རྫོང་དང་ཁ་བྲལ་ཏེ་ཁྲོ་ལ་རི་བོའི་ཕྱོགས་སུ་ཆས། མཁའ་དབྱིངས་སུ་དལ་མོར་འཕྱོ་བའི་སྤྲིན་པའི་སྟངས་སྟབས་དང་ནགས་ཀློང་ན་རྒྱང་དུ་མཆེད་པའི་བྱེའུ་སྐད་ཀྱི་འགྱུར་ཁུགས། བརྟན་བརླིང་ངང་དགུང་དུ་ཟུག་པའི་ལམ་འགྲམ་གྱི་གསོམ་སྡོང་དག་ནི་རི་མོ་བའི་པིར་རྩེ་ལས་འཁྲུངས་པའི་ཉམས་དགའ་བའི་གཟུགས་བརྙན་རེ་རེར་འཁུམས། ང་ཚོ་ཁྲོ་ལ་རི་བོའི་ཉེ་འདབས་ལ་ཐོན་དུས་ཆུ་ཚོད་བཅུ་ཙམ་ལ་ཐོན་འདུག ཐེངས་འདིར་ང་ཚོ་ཆེད་དུ་ཁྲོ་ལའི་ཕུག་ལམ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་བཅར་འདྲི་བྱེད་པར་ཕྱིན།
ལས་བཟོ་བ་ཚོས་ཁྲོ་ལའི་ཕུག་ལམ་དུ་ཨི་ཁུང་འབིགས་བཞིན་པ། 雀儿山Q2隧道工人正在打钻
རྒྱལ་ཁབ་རིམ་པའི་གཞུང་ལམ་317གྱི་ཁྲོ་ལའི་ཕུག་ལམ་གྱི་བཟོ་སྐྲུན་ལས་གཞི་ནི་K336+200ནས་འགོ་བརྩམས་ཤིང་། K349+200ཡས་མས་སུ་མཇུག་བསྡུས་ཡོད། གཞུང་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་12.995ཡོད་པ་དང་ཁྲོ་ལའི་ཕུག་ལམ་གྱི་རིང་ཚད་ལ་སྨི་7079ཡོད་ལ། ཟབ་ཚད་ལ་སྨི་700དང་ཕུག་འགྲམ་ཀྱི་སྣེ་འདྲེན་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ་5.947ཡོད། ཕུག་ལམ་གྱི་ཤར་སྒོའི་མཐོ་ཚད་ལ་སྨི་4377.01དང་ནུབ་སྒོའི་མཐོ་ཚད་ལ་སྨི་4235.04འདུག ཆོག་མཆན་ཐོབ་པའི་མ་དངུལ་གཏོང་ཚད་སྒོར་སྟོང་ཕྱུར་11.5དང་བཟོ་སྐྲུན་གྱི་དུས་ཡུན་ལོ་ལྔ་རེད།
འཚམས་འདྲིའི་རིག་རྩལ་འཁྲབ་སྟོན།
雀儿山工地文艺慰问演出
ཁྲོ་ལའི་ཕུག་ལམ་གྱི་ལས་གཞི་ལ་རྒྱལ་ཁབ་འགྲིམ་འགྲུལ་པུའུ་དང་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་རྒྱབ་སྐྱོབ་ཆེན་པོ་ཐོབ་ལ། འཛུགས་སྐྲུན་གྱི་དཀའ་ཁག་ཆེ་ཞིང་འཛམ་གླིང་ན་ལས་གཞི་འདི་དང་འབྲེལ་བའི་ཉམས་མྱོང་དཀོན་ཕྱིར་འཛུགས་སྐྲུན་གྱི་ཇུས་བཀོད་ཕྱི་ཡོངས་ལ་བསྒྲགས། མཐར་རྨང་གཞིའི་བཟོ་བཀོད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་ཀྲུང་གོའི་ལྕགས་ལམ་ཅུས་དང་པོ་དང་ཀྲུང་གོའི་འཛུགས་སྐྲུན་ཅུས་ལྔ་པས་ལས་གཞི་འཛུགས་སྐྲུན་གྱི་འགན་དང་དུ་བླངས་ཏེ་2012ལོའི་ཟླ་9པ་ནས་བཟུང་ཕུག་ལམ་འཛུགས་སྐྲུན་གྱི་འགོ་དངོས་སུ་ཚུགས། རྒྱུས་ལོན་བྱས་པ་ལྟར་ན་མིག་སྔར་ཀྲུང་གོའི་ལྕགས་ལམ་ཅུས་དང་པོས་ཁྲོ་ལའི་གཙོ་ཕུག་སྨི་2750དང་ཕུག་ལམ་སྨི་2860ལེགས་འགྲུབ་བྱུང་ཡོད་པ་དང་། འཛུགས་སྐྲུན་འཆར་བཀོད་ལྟར་ན་ད་ལོའི་ལོ་མཇུག་ཏུ་ཕུག་ལམ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་རྒྱུ་རེད། ཀྲུང་གོའི་འཛུགས་སྐྲུན་ཅུས་ལྔ་པས་མིག་སྔར་ཕུག་ལམ་སྨི་2000ལེགས་གྲུབ་བྱུང་ཡོད་པ་དང་མགྱོགས་མྱུར་ངང་ལེགས་འགྲུབ་བྱུང་བར་འབད་པ་བྱེད་བཞིན་མཆིས།
ཉེན་ཁ་ཆེ་བའི་ཁྲོ་ལའི་རི་ལམ། 惊险的雀儿山路段
Q2ལས་གཞི་བཟོ་སྐྲུན་པ་དག་གིས་སྔོན་ཆད་མདོ་དབུས་མཐོ་སྒང་ནས་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ལས་ཀ་བྱས་མྱངས་ནའང་། ཁྲོ་ལའི་རི་འདབས་ནས་ཁོ་ཚོར་སྔོན་ཆད་འཕྲད་མ་མྱོང་བའི་འཚོ་བ་དང་ལག་རྩལ་གྱི་དཀའ་སྡུག་གང་མང་དང་འཕྲད། གནས་འདིར་མཚོ་འཕགས་སྨི་4380ལྷག་དང་དབྱང་རླུང་འདུས་ཚད་བདེ་ཐང་ས་ཁུལ་གྱི་58%ནས་60%ཙམ་རེད། གནས་འདིའི་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་དགུན་ཁར་ཁ་བ་འབབ་ཚད་ཆེ་བས་འཛུགས་སྐྲུན་གྱི་ཉེར་མཁོ་ཡོ་བྱད་སྐྱེལ་འདྲེན་བྱེད་སྐབས་དཀའ་ངལ་མང་པོར་འཕྲད། རྒྱུན་དུ་བཟོ་སྐྲུན་གྱི་གོ་རིམ་ཁྲོད་སྙུགས་རྡུལ་ཕྱིར་འདྲེན་པ་དང་དབྱང་རླུང་འདོན་སྤྲོད་བྱེད། དེ་མིན་བྲག་རྡོའི་མཐུད་མཚམས་མང་པ་དང་འཁྱགས་དར་གྱིས་བཟུང་བའི་ས་གཤིས་མང་པ། ཆུ་འཕྱུར་བ། ཆད་རིམ་མང་པ། བྲག་གས་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་གཏད་དགོས་ནའང་ཁོ་ཚོའི་བློ་སྤོབས་ཀྱིས་བརྟས་པའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་ལས་བཟོ་བ་དག་ཚན་ཆུང་གསུམ་དུ་ཕྱེས་ཏེ་ཉིན་མཚན་རེས་མོས་ཀྱིས་ཕུག་ལམ་བཟོ་སྐྲུན་ལ་བྲེལ་བཞིན་མཆིས།
Q2ལས་གཞིའི་སྤྱི་ཁྱབ་བཟོ་བཀོད་པ་ཡའོ་ཀྲི་ཅུང་གིས་ལས་ཀར་མཛུབ་སྟོན་བྱེད་བཞིན་པ།
雀儿山Q2隧道总工程师姚志军在隧道里现场指挥
ཀྲུང་གོའི་ལྕགས་ལམ་ཅུས་དང་པོའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ངེད་གསར་འགོད་པ་དག་ཁྲིད་དེ་ཕུག་ལམ་བཟོ་སྐྲུན་གྱི་ཡུལ་དངོས་སུ་ཕྱིན། བྲག་ཕུག་གས་གཏོར་བྱས་ནས་ཅུང་མ་འགོར་བས་ཕུག་ལམ་ཧྲིལ་པོར་འགད་རྫས་ཀྱི་དྲི་མས་ཁེངས་ཤིང་དུ་སྤྲིན་གྱིས་མཐོང་ལམ་སྒྲིབ་འདུག ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཀྲི་ཅེ་ཡིས་ངེད་གསར་འགོད་པར་བཤད་རྒྱུར། ཀྲུང་གོའི་ལྕགས་ལམ་ཅུས་དང་པོའི་འཛུགས་སྐྲུན་བྱས་མྱངས་པའི་ལས་གཞིའི་རྣམ་གྲངས་3000དང་ཕུག་ལམ་800ལྷག་ལས་ཁྲོ་ལའི་ཕུག་ལམ་ནི་དཀའ་ངལ་ཆེས་ཆེ་བའི་ལས་གཞི་ཞིག་རེད་ཅེས་བཤད། བཟོ་སྐྲུན་ལ་དཀའ་སྡུག་ཆེ་ནའང་ཁོང་གི་མིག་མདངས་ལས་མངོན་པའི་ཡིད་ཆེས་ལ་སྟོབས་ཤུགས་ཀྱིས་ཁེངས་འདུག །
ལས་བཟོ་བ་ཚོས་དབྱང་རྔུབ་བཞིན་པ། 工人们吸氧