
དྲི་བཞོན་རླུང་བུས་འདབ་མ་སྐྱོམ་པའི་གཡུ་སྦྲ་སྨུག་པོའི་གྲུ་ཟུར་ན། །
བཞོ་དབྱངས་སྙན་མོ་ངག་ལ་བསྐྱོར་ཏེ་ཐུལ་དཀར་འབྲི་མོའི་ལྷས་ར་ན། །
ལང་ཚོའི་མེ་ཏོག་ལྕི་འདམ་ཁྲོད་ནས་ཡོངས་སུ་རྙིང་བའི་ཨ་མ་ལགས། །
རྨིག་བཞི་སྐྱོང་བ་འགན་དུ་སེམས་པས་སྡུག་ཆེན་ཁུར་པོའི་ཐུ་འོག་ན། །
ངོ་གདོང་ཙག་རླུང་ངར་མོས་ཟོས་པའི་ངལ་བ་སྟོང་གི་ཁུགས་སོ་ན། །
བུ་ཕྲུག་ཕུགས་འདུན་ཡིད་ལ་སྒོམ་སྟེ་བྱ་མང་ལས་ཀྱི་སྣེ་མོ་ན། །
རྒས་པའི་རི་མོ་ཐོད་ལ་འཕོས་པའི་བརྩེ་ཆེན་འཁྱིལ་བའི་ཨ་མ་ལགས། །
དབྱར་གསུམ་ཆར་པས་ཀུན་ནས་བརླན་པའི་མི་སྡུག་ལྭ་བའི་ནང་རོལ་ན། །
སྟོན་གསུམ་བ་མོའི་ལྷམ་གྱིས་མནར་བའི་སྐྱ་རེངས་བུ་མོའི་ལག་འོག་ན། །
དགུན་གསུམ་ལག་ཁྲག་རྡོ་ལ་ཟགས་པའི་གྲང་རེག་རྩུབ་མོའི་མཆེ་བར་ན། །
ལོ་ཟླའི་འཁོར་སྐྱོད་སྡུག་གིས་བསྐྱལ་བའི་མཐོ་སྒང་ཨ་མའི་ལས་དབང་སྐྱོ། །
ང་དང་ནུབ་མོར་དུངས་བ་མ་ལྷོད་ལྷག་བསམ་བརྩེ་བའི་སྦུབས་སུ་རུམ། །
མ་འོངས་མདུན་ལམ་ཡིད་བཞིན་འགྲུབ་པར་སོར་བཅུའི་འདབ་མ་སྙིང་ལ་ཟུམ། །
ལང་ཚོའི་མྱུ་གུ་ཅིར་ཡང་འཕེལ་བར་ནུ་ཞོ་མངར་མོའི་རམ་འདེགས་བྱས། །
ཟོལ་མེད་བརྩེ་བའི་དྲོད་ཁོལ་མི་ཉམས་མཐོ་སྒང་ཨ་མའི་གཤིས་ཀ་འདི། །
དུས་བཞིའི་དྲོ་གྲང་གོས་སུ་བཀླུབས་ཏེ་འཇིག་རྟེན་འཁོར་བའི་འཐབ་ར་ནས། །
ཆགས་སྡང་འདྲེས་མའི་འཚོ་བའི་ངོགས་ནས་དགའ་སྐྱོའི་ཟློས་གར་རེས་ཀྱིས་འཁྲབ། །
ལས་དབང་ཕྲ་མོའི་བཀོད་སྒྲིག་འདི་ཡིས་མི་ཚེ་རིང་མོ་རྫོགས་ལ་ཉེ། །
མཐོ་སྒང་ཨ་མའི་ལས་དབང་འདི་ལ་སེམས་པ་སྨྲེང་ནས་ངས་འདི་བྲིས། །