ཆུ་བོ་དེའི་འགྲམ་དུ།
ངས་མེ་ཏོག་ཅིག་ཅི་ནས་ཀྱང་མ་རྙེད།གཉེན་མི་ཚོས་ང་ལ་འཁང་ར་ལན་ཅིག་བྱས་པ།
ཆུ་བོ་དེ་དང་། མེ་ཏོག་དེ། རྫི་བོ་དེའི་ཆེད་དུ་ཡིན།
ལོ་དེར། ང་ལ་ཅི་ཁག
ཡབ་ཆེན་གྱི་འཁང་གཏམ་ལས་གཞན།
ལབ་གླེང་མང་པོ་ས་རྡུལ་བཞིན།
ངའི་ཁོར་ཡུག་ཏུ་བབས།
ཆུ་བོ་དེའི་འགྲམ་དུ།
མེ་ཏོག་དེའི་སྐྱེས་སྟོབས་ལ་བསྔགས་ཐེངས་རེར།
ཡུལ་མོ་ཚོས་མིག་ཆུ་ཤ་ལེར་འབབ་ཅིང་།
ང་ནི་གཅོམ་ཆུང་ངུའི་ལོ་མ་ཞིག་དང་འདྲ།
གོ་ཐོས་སུ།
ཆུ་བོ་དེའི་འགྲམ་དུ་གཞས་གཏོང་མཁན།
ད་དུང་འཚར་ལོངས་འབྱུང་བཞིན་འདུག
དེ་ནི་ང་ལ་ཕན་པའི་སེམས་གསོ་རེད།
མེ་ཏོག་དེ་སུས་ཆེད་དུ་བཞད་པ།
དབྱར་ཟླ་ལྔ་པའི་གཞི་ནས་ཚོར།
ཆུ་བོ་དེའི་འགྲམ་དུ།
ལུག་ཁྱུ་བཤར་ཐེངས་རེར།
གཅམ་སྲིང་དག་གིས་སུན་སྣང་མེད་ཅིང་།
ངལ་བ་མེད་པས་ཤིང་ཞིག་རྡུང་བཞིན།
ངའི་ལམ་ལ་ཁ་ཏ་བྱས་སོང་།
དེ་དུས་ང་ནི་ཡིག་རྨོངས་པ་ཁྱུ་ཞིག་གི་མདའ་མོ་ལྟར།
རི་འདིའི་བྲང་ངོས་སུ་སོམ་ཉིས་ངང་འཁོར།
ཆུ་བོ་དེའི་འགྲམ་དུ།
འཇོན་ཐང་ཅན་གྱི་སྐྱེས་དམན་ཁ་ཤས།
ཞོགས་པ་འདིའི་ཆེས་ཐོག་མའི་སྐུ་མགྲོན་ཡིན་ལ།
རྫི་གཞས་ལ་སྐྱེལ་མ་བྱེད་མཁན་གྱི་རྒྱགས་ཕྱེའང་ཡིན།
གཙང་པོ་དེའི་འགྲམ་དུ།
ང་ལ་བཟོ་ལྟ་ཅི་ཞིག་མཁོ།
ཁྱོད་ཀྱི་མིག་ཟུང་ཁོ་ནས་བརྡར་ཤ་གཅོད་མི་ཐུབ། །