
དེ་བས། དེ་རིང་ང་ཚོ་འགྲོ་བ་མིའི་རིགས་ཀྱི་མདུན་དུ་ལྷག་པའི་འོས་འགན་རི་རབ་འདྲ་བ་ཞིག་ཡོད་པ་ནི། འཛམ་གླིང་གི་ཤུལ་བཞག་རིག་གནས་དང་རང་བྱུང་ཤུལ་བཞག་དག་རྩ་མེད་དུ་མི་འགྲོ་བའི་ཕྱིར་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོང་བྱ་དགོས་པ་དེ་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་1972ལོའི་ཟླ་11པའི་ཚེས་16ཉིན་《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས།》ལ་དངོས་སུ་གྲོས་འཆམ་བྱུང་ཞིང་། 1976ལོར་འཛམ་གླིང་ཤུལ་བཞག་ཨུ་ཡོན་ཚོགས་པ་དབུ་ཚུགས་ཏེ་《འཛམ་གླིང་ཤུལ་བཞག་མིང་ཐོ།》 ཞེས་པ་གསར་ཏུ་བཏོན། 1985ལོའི་ཟླ་12པའི་ཚེས་12ཉིན་ཀྲུང་གོའང་《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས།》སུ་ཞུགས་པ་དང་། 1999ལོའི་ཟླ་10པའི་ཚེས་29ཉིན་འཛམ་གླིང་ཤུལ་བཞག་ཨུ་ཡོན་ཚོགས་པའི་ཁོངས་ཞུགས་རྒྱལ་ཁབ་ཏུ་བདམས།
2013ལོའི་ཟླ་6པའི་ཚེས་21ཉིན་བསྡོམས་རྩིས་བྱས་པ་ལྟར་ན། 《 འཛམ་གླིང་ཤུལ་བཞག་མིང་ཐོ།》རུ་བཀོད་ཟིན་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་འཛམ་གླིང་ཤུལ་བཞག་གནས་45ཡོད་པ་དང་། དེའི་ཁྲོད་དུ་འཛམ་གླིང་རང་བྱུང་ཤུལ་བཞག་གནས་བཅུ་ཡོད་པ་ལས་བཞི་ནི་གོ་ལ་འདིའི་ཡང་རྩེར་གནས་པའི་ཐུ་བྷོད་ཅེས་པའི་ས་ཁོངས་འདི་ན་ཡོད་དེ་གཤམ་ནས་དེ་དག་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་ཤིག་བྱ།
四川大熊猫栖息地
དོམ་ཁྲའི་འཚོ་སྡོད་ཁུལ་སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ།
大熊猫栖息地之一——阿坝四姑娘山国家级重点风景名胜区 图 / 喻林斌
སི་ཁྲོན་གྱི་དོམ་ཁྲ་འཚོ་སྡོད་ས་ཁུལ་ནི་ཁྲེན་ཏུའུ་དང་གཡག་རྔ། རྔ་བ། དཀར་མཛེས་སོགས་གྲོང་ཁྱེར་དང་ཁུལ་བཞིའི་རྫོང་12ཀྱི་ཁོངས་སུ་ཡོད་དེ། གཙོ་བོ་ཝོ་ལུང་དང་རི་བོ་སྐུ་བླའི་རྒྱུད་དུ་ཆགས་ཤིང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་9245ཡོད། ས་ཁུལ་འདི་རུ་འཛམ་གླིང་སྟེང་གི་རི་སྐྱེས་དོམ་ཁྲའི་30%ཡོད་ཅིང་། དེ་ནི་འཛམ་གླིང་གི་དོམ་ཁྲ་འཚོ་སྡོད་ས་ཁུལ་ཆེས་ཆེ་བ་དང་ཆེས་འཐུས་སྒོ་ཚང་བ་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་སྟེང་གི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་ཕུད་རྩི་ཤིང་རིགས་སྣ་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཁྲོད་ཀྱི་གཅིག་ཀྱང་ཡིན་པས། སྔོན་ཆད་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་ཚོགས་པས་འཛམ་གླིང་གི་སྐྱེ་དངོས་སྣ་མང་ཅན་གཙོ་བོ་25ཡི་ཁྲོད་ཀྱི་གཅིག་ལ་བདམས་པ་དང་། འཛམ་གླིང་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱིས་འཛམ་གླིང་གི་སྐྱེ་ཁམས་ས་ཁུལ་200ཡི་ཁྲོད་དུ་ཡང་བདམས་པར་མ་ཟད། དོམ་ཁྲ་འཚོ་སྡོད་ས་ཁུལ་འདི་ལ་ཀྲུང་གོའི་ཆེས་དཀོན་པའི་འགྱུར་རྡོ་གསོན་པོའི་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ཞེས་པའི་མཚན་སྙན་ཡང་ཡོད་དོ། །
ཝོ་ལུང་དང་སྐུ་བླ་རི་བོ། ཅ་ཅིན་རི་བོ་བཅས་ཀྱི་རི་རྒྱུད་དུ་འཛམ་གླིང་གི་རི་སྐྱེས་དོམ་ཁྲའི་30%འཚོ་སྡོད་བྱས་ཡོད།
卧龙、四姑娘山、夹金山脉,这里生活着全世界30%以上的野生大熊猫 图 / 东方IC
九寨沟风景名胜区
གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་ཁོངས་སུ་ཡོད། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁྲེན་ཏུའུ་དང་བར་ཐག་སྤྱི་ལེ་400ལྷག་ཡོད་པ་དང་། དེ་ནི་རིང་ཚད་ལ་སྤྱི་ལེ་40ལྷག་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་620ཙམ་ཡོད་པའི་ལུང་ཤུར་ཞིག་ཡིན། དེའི་རྒྱ་ཁྱོན་གྱི་52% ཙམ་སྟུག་ཅིང་འཛིངས་པའི་གདོད་མའི་ནགས་ཚལ་གྱིས་བཀབས་ཡོད་ལ། ནགས་ཚལ་ཁྲོད་དུ་མིང་མི་ཐོགས་པའི་རྩྭ་ལྡུམ་དང་མེ་ཏོག་སོགས་ཕྲ་ཆེམ་དུ་བཞད་ཅིང་། དོམ་ཁྲ་དང་སྤྲེའུ་སྤུ་སེར། ཤྭ་དམར་སོགས་རྩ་ཆེན་སྲོག་ཆགས་མང་པོ་ཅི་དགར་རྩེན། ད་དུང་མཐོ་ཞིང་བརྗིད་པའི་གངས་རི་དང་ལྗང་ལྡེམ་མེར་འཁྱིལ་བའི་མཚེའུ། ལྷུང་ལྷུང་དུ་འབབ་པའི་རྦབ་ཆུ་སོགས་གདོད་མའི་རང་བྱུང་ཁམས་ཀྱི་མཛེས་པ་མ་ཡལ་བར་གསལ་ལེར་མངོན་པས་དེ་ལ་བྱིས་སྒྲུང་གི་འཇིག་རྟེན་ཞེས་པའི་མཚན་སྙན་ཞིག་ཀྱང་གསོལ་ཡོད། །
གཟི་རྩ་སྡེ་དགུའི་དགུན་ལྗོངས། ཚེ་བརྟན་གྱིས་པར་བླངས།
九寨沟之冬 图 / 泽尔登
གཡུ་མདོག་གི་མཚོ་མོ། ལུའི་ལིན་ལུང་གིས་པར་བླངས།
九寨神韵 图 / 吕玲珑
མཚར་སྡུག་ལྡན་པའི་གཟི་རྩ་སྡེ་དགུ། ཤེས་བྱས་པར་བླངས།
神奇的九寨 图 / 西夏
黄龙风景名胜区
གསེར་མཚོའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཟུང་ཆུ་རྫོང་གི་ཁོངས་སུ་ཡོད་ཅིང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་700ཙམ་ཡོད། དེའི་མཛེས་ལྗོངས་གཙོ་བོ་ནི་རིང་ཚད་ལ་སྤྱི་ལེ་3.6ཙམ་ཡོད་པའི་གསེར་མཚོ་ལུང་པར་ཡོད་ཅིང་ ལུང་པའི་ནང་དུ་ཐན་སྐྱུར་སྲ་འགྱུར་ས་གཤིས་ཀྱིས་གྲུབ་ཅིང་ཆགས་དབྱིབས་སྐས་རིམ་ཅན་གྱི་རྣང་ཞིང་ལྟར་རིམ་པར་བརྩིགས་པ། དཀར་སེར་དམར་ལྗང་སོགས་ཁ་དོག་སྣ་ལྔ་ལྡན་པའི་རྫིང་བུ་ཆེ་ཆུང་བརྒྱ་ཕྲག་ལྷག་ཡོད་པར་མ་ཟད། མཚོ་འཕགས་སྨི་20ཅན་གྱི་ལུང་མདོ་ནས་མཚོ་འཕགས་སྨི་3800ཡོད་པའི་ལུང་མགོའི་བར། རིམ་པ་བཞིན་དུ་ཚ་ཁུལ་བར་མ་དང་མཐོ་སྒང་གི་ནགས་ཚལ་སོགས་རྩི་ཤིང་རིགས་མི་འདྲ་བ་མང་པོ་ཚང་ཚིང་དུ་སྐྱེས་ཡོད། དེའི་ཁྲོད་དུ་དོམ་ཁྲ་དང་གཟིག་སོགས་འཛམ་གླིང་ན་དཀོན་པའི་སྲོག་ཆགས་རིགས་བཅུ་ཕྲག་འཚོ་ཞིང་རོལ་བ་དེས་གསེར་མཚོ་ལུང་པར་སྣོད་བཅུད་གཉིས་འཛོམས་ཀྱི་མཛེས་ལྗོངས་ངོ་མཚར་ཆེ་ཞིང་ལྟ་ན་སྡུག་པ་ཞིག་བསྐྲུན་ཡོད་པས། དེ་ལ་འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་ཞེས་པའི་མཚན་སྙན་ཐོབ་ཡོད། །
冬日黄龙五彩池 图 / 阿坝州摄影家协会提供
三江并流自然景观区
གཙང་གསུམ་འབབ་ཡུལ་གྱི་མཛེས་ལྗོངས་ཁུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་ལི་ཅང་གྲོང་ཁྱེར། ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་བཅས་ཀྱི་ས་ཁོངས་སྟེ། ཡ་གླིང་ཤར་མ་དང་ཡ་གླིང་ལྷོ་མ། མདོ་དབུས་མཐོ་སྒང་བཅས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང་། རྒྱལ་མོ་དངུལ་ཆུ་དང་རྫ་ཆུ། འབྲི་ཆུ། གཞན་དེ་དག་འབབ་ཡུལ་གྱི་རི་རྒྱུད་དག་གིས་གྲུབ། དེའི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་4.1ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་མཐོང་བར་དཀོན་པའི་རི་མཐོའི་ས་ངོས་ཆགས་ཚུལ་མངོན་པའི་ཚབ་མཚོན་ས་ཁུལ་ཞིག་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་སྐྱེ་དངོས་རིགས་སྣ་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཀྱང་ཡིན། ས་ཁུལ་དེ་ན་རི་མཐོན་པོ་དང་གྲོག་རོང་། གངས་རི་དང་འཁྱགས་ཀླུང་། མཐོ་སྒང་དང་འདམ་ར། ནགས་ཚལ་དང་རྩྭ་ཐང་། སྲོག་ཆགས་དཀོན་པོ། རྩི་ཤིང་རྩ་ཆེན་སོགས་ཀྱིས་ཁེངས་པས་རང་བྱུང་མཐོ་སྒང་གི་མེ་ཏོག་ལྡུམ་ར་ཞེས་པའི་མཚན་སྙན་ཡོད། །