སྣང་གསར་གྱི་ཐང་ག་ནི་ཐང་གའི་བཟོ་རྩལ་གྱི་འཕེལ་རིམ་མི་འདྲ་བའི་རིམ་པ་ཞིག་རེད། དེ་ཡང་སྲོལ་རྒྱུན་བཟོ་རྩལ་ལ་དགག་པ་མེད་ཅིང་། སྲོལ་རྒྱུན་བཟོ་རྩལ་གཞིར་བཞག་གི་ཐོག་ནས། སྣང་གསར་བཟོ་རྩལ་ཞིག་ཡོད་ཆོག་འདུག་ལ། ཡོད་དགོས་པ་ཞིག་ཀྱང་རེད། སྲོལ་རྒྱུན་བཟོ་རྩལ་ལ་མོས་པ་དགའ་རབ་ཡོད་ཅིང་དེའི་ཕྱོགས་སུ་ནུས་པ་བཏོན་མཁན་ཡོད་ན་དེས་ཀྱང་འགྲིག་འདུག དེང་རབས་ཀྱི་སྣང་གསར་བཟོ་རྩལ་ལ་མོས་པ་ཡོད་ཅིང་དེའི་ཕྱོགས་སུ་རྩལ་དུ་བཏོན་མཁན་ཡོད་ན་ཡང་འགྲིག་འདུག གང་ལྟར་བོད་ཀྱི་ཐང་ག་ཡིན་ན་ལྷ་དང་བླ་མ་ཁོ་ནས་འབྲི་བཞེངས་བྱེད་ས་ཡིན་མི་དགོས་ལ། འབྲི་བཞེངས་དེ་ཡང་དཔེ་བཤུས་དང་། པར་ལེན་པ་ལྟ་བུའི་གཅིག་མཚུངས་དེ་ལས་ཀྱང་ཡིན་མི་དགོས། དཔེར་ན་སྔོན་རབས་ཀྱི་རི་མོ་པ་གྲགས་ཅན་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་སྒྱུ་རྩལ་ཕུན་སུམ་ཚོགས་པ། ཁྱད་ཆོས་འབུར་དུ་ཐོན་པ། ལྟ་ན་མིག་ལ་མཛེས་པ། བསམ་ན་ཡིད་དབང་འཕྲོག་པ། དྲན་ན་རྟོགས་རླབས་འཕྱུར་ཐུབ་པའི་དགེ་མཚན་འདི་ཡང་། སྔོན་མེད་ཀྱི་ལྷ་རིས་སྒྱུ་རྩལ་གསར་པ་ཞིག་ཡིན་པ་ཡང་ཀུན་གྱི་ཁས་ལེན་པ་བཞིན་ནོ། །དེར་བརྟེན་གནའ་སྲོལ་དེའི་ར་བ་ལས་བརྒལ་མི་ཆོག་པ་མ་ཡིན་ཞིང་། དེའི་སྒོ་ལྕགས་བརྒྱབ་པ་ལྟ་བུ་མ་ཡིན་པར། སོར་གང་མཛུབ་གང་བཟོ་བཅོས་མི་ཆོག་ཅིང་རང་སོར་གནས་དགོས་ཟེར་བ་ལྟ་བུ་མ་ཡིན་པར།
དྭངས་མ་མཐར་ཐུག 究竟纯洁
འཕེལ་རྒྱས་དང་དར་སྤེལ་ཡོང་དགོས་བཞིན་ཡོད། དེར་བརྟེན་ད་ལམ་མིག་གི་དགའ་སྟོན་དུ་འགྱེད་པའི་སྣང་གསར་ཐང་ག་འདི་ནི་གསར་གཏོད་རང་ཡིན་ལ། འདི་འདྲའི་ཐང་ག་ཞིག་མིག་ལམ་དུ་གྱུར་མ་མྱོང་བ་ལྟ་བུ་ཞིག་ཆགས་ཡོད། དེར་བརྟེན་སྣང་གསར་ཐང་ག་གསར་གཏོད་མཛད་པའི་བློ་གྲོས་ཀྱི་བང་མཛོད་ལས་བླངས་པའི་དགོས་པ་དང་། དམིགས་ཡུལ། བྱེད་ལས་སོགས་ཅི་ནུས་ཤིག་ཟིན་བྲིས་སུ་བཏབ་པ་ལ། དེ་ཡང་ཐད་ཀར་ཇི་བཞིན་བརྗོད་པའི་རྩོལ་རྩལ་ཡང་ཡོད་ཆོག རང་བཞིན་དྲང་པོར་བརྗོད་པའི་སྙོམས་འབབ་ཀྱི་མཐའ་ཡས་རྒྱ་མཚོ་ཡོད་ཆོག་ལ། སྒྱུ་རྩལ་གྱི་འཆར་སྒོ་མ་འགག་པའི་རྒྱ་མཚོའི་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱུར་བ་དེ་ཡང་ཡོད་ཆོག དེ་ལྟར་རྩོམ་རིག་ལ་རང་བཞིན་དྲང་བརྗོད་དང་སྒྱུ་རྩལ་རྩོམ་རིག་གཉིས་ཡོད་ཆོག་པ་བཞིན་དུ། བཟོ་རྩལ་ལ་ཡང་རང་བཞིན་དྲང་འབྲི་དང་། སྣང་གསར་སྒྱུ་རྩལ་གྱི་རྟོག་འབྲི་གཉིས་ཡོད་ཆོག་སྟེ། ཟླ་བ་ཟླ་བར་སྣང་བ་དང་། ཟླ་བ་མཛེས་མར་སྣང་བ་ཡོད་ཆོག་ལ། བླ་མ་བླ་མར་སྣང་བ་དང་། བླ་མ་སངས་རྒྱས་སུ་སྣང་བ་ཡང་ཡོད་ཆོག་པ་བཞིན་ནོ། སྤྱི་རི་མོ་པ་ཞིག་གིས་བྲིས་པའི་རི་མོ་དེ་ཡང་རྩོམ་རིག་ཅིག་ཡིན་ཞིང་། རི་མོ་པའི་བློ་གྲོས་སྒྱུ་རྩལ་གྱི་ཞིང་ཁམས་ནས་ཐོན་པའི་དགའ་སྐྱོ་སྐྱིད་སྡུག་གི་ཚོར་བ་སྣ་ཚོགས་པའི་རྟོག་རླབས་དེ་རི་མོའི་ལམ་ནས་བཞེངས་སྐྲུན་ཐུབ་ན། རི་མོ་དེ་ནི་སྲོག་གི་དབུགས་དབྱུང་ཐོབ་པའི་རི་མོ་ཞིག་ཡིན་ལ། ཚེ་བླ་སྲོག་གསུམ་འཛོམས་པའི་རི་མོ་གསོན་པོ་ཞིག་ཡིན། དེར་བརྟེན་རི་མོ་བའི་རྟོག་པའི་འཆར་སྒོ་ནས་ཐོན་པའི་སྒྱུ་རྩལ་གྱི་རྦ་རླབས་ཡོད་ཅིང་། སྒྱུ་རྩལ་དེས་མི་ཡི་རིགས་ལ་སྣང་ཚུལ་གསར་པ་དང་། བློ་སྟོབས་གསར་པ་ཞིག་སྦྱིན་ཐུབ་པར་མ་ཟད། གངས་ཅན་བོད་པའི་ཐང་གའི་བཟོ་རྩལ་ཡང་དར་ཞིང་རྒྱས་པའི་རྒྱུར་འགྱུར་ངེས་ལ། དཔེར་ན་ཕྱི་གླིང་གི་བསམ་བློ་པ་བྷག་ལོ་ཧྲན་ཧྲང་གིས་རི་མོའི་འགྲེམ་སྟོན་ཞིག་གི་གྲལ་དུ། ཁོ་རང་གི་འགྲེམ་སྟོན་དུ་ཆབ་རྫ་ཞིག་ལ་རང་ཉིད་ཀྱི་མིང་དེ་བྲིས་ནས་བཤམས་པས། ཀུན་གྱིས་ཐོག་མར་ཡ་མཚན་རུང་། རིམ་བཞིན་དེ་འདྲའི་སྒྱུ་རྩལ་ཡང་ཡོད་ཆོག་པ་ཞིག་རེད་ཅེས་ཁས་ལེན་པར་མ་ཟད། རི་མོ་གསར་པའི་སྒྱུ་རྩལ་གྱི་ཞིང་ཁམས་དེའི་སྒོ་འབྱེད་པའི་ལྡེ་མིག་ཏུ་གྱུར་སོང་བ་ལྟ་བུ་རེད།
མི་དང་བདུད། 人性与魔性
སྣང་གསར་ཐང་གའི་ལམ་སྲོལ་གསར་གཏོད་མཛད་པ་པོ་ལྟག་ཨོ་རྒྱན་ཆོས་འཕེལ་ལ་ཆ་བཞག་ན། མཁས་གྲུབ་སྐྱེས་ཆེན་དམ་པ་མང་པོ་ཟམ་མ་ཆད་པར་བྱོན་པའི་ཁམས་ཀྱི་ལི་ཐང་ཡུལ་དུ་ཆུང་དུས་ནས་ཤེས་རིག་གི་ནུ་ཞོ་མངར་མོ་ལ་རོལ་མྱོང་ཞིང་། ཆེ་ནས་ཤེས་རིག་གི་ཀློང་ནས་འཚར་ལོངས་བྱུང་། ཤེས་རིག་གི་འབྱུང་ཁུངས་གཞི་རྟེན་རི་ཆུ་ཀླུང་གསུམ། གངས་རི་དཀར་པོ། ས་གཞི་ནག་པོ། རྒྱ་མཚོའི་རླབས་སྒྲ་སོགས་ཁོར་ཡུག་རྒྱ་ཆེ་ས། གཏིང་ཟབ་སའི་རིག་གནས་ལ་ཆ་རྒྱུས་ཡོད་ཅིང། རྒྱའི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག བོད་ཀྱི་སྐད་ཡིག་གསུམ་ཤེས་ལ། ཁྱད་པར་དུ་བོད་ཀྱི་ཤེས་རིག་གི་གཞི་དང་རྐང་བཟང་བ། དེ་ལས་ཀྱང་ཆུང་ནས་རི་མོའི་སྒྱུ་རྩལ་ལ་མོས་པ་ཆེ་བར་མ་ཟད། བོད་ཀྱི་ཐང་ག་འབྲི་ཤེས་ཤིང་ཕྱི་གླིང་པ་དང་རྒྱ་ནག་པའི་རི་མོ་ལ་ཡང་གང་འཚམས་ཀྱིས་ཆ་རྒྱུས་མངའ་བ། ལྷན་སྐྱེས་ཀྱི་ཤེས་རིག་དང་སྦྱང་སྟོབས་ཀྱི་ཤེས་རིག་གིས་སྒོ་ཀུན་ནས་ཕྱུག་པས་རྟོགས་རླབས་ཀྱང་ཁྱད་པར་ཅན་ཡོད། ཁྱད་པར་དུ་སྒྱུ་རྩལ་ལ་དུང་ཞེན་ཆེ་བ། སྒྱུ་རྩལ་གྱི་བསམ་བློ་ཕུན་སུམ་ཚོགས་པ།
བདེན་རྫུན། 虚实
སྒྱུ་རྩལ་ལ་ལྟ་བའི་བློ་མིག་ཡངས་པ་སོགས་སྒྱུ་རྩལ་གྱི་སྐུ། སྒྱུ་རྩལ་གྱི་གསུང། སྒྱུ་རྩལ་གྱི་ཐུགས་དང་ལྡན་པ་ཞིག་ཡིན་ལ། ད་ལམ་སྣང་གསར་ཐང་ག་རི་མོ་འདི་ཉིད་ཀྱང་ཁོང་གི་ནང་སྒྱུ་རྩལ་གྱི་ཞིང་ཁམས་ནས་སྣེ་ཟུར་ཞིག་མི་ཡི་ཡུལ་དུ་གསར་དུ་དགའ་སྟོན་འགྱེད་པ་ལགས་ན། སྒྱུ་རྩལ་འདིས་སྒྱུ་རྩལ་གསར་པ་གང་མང་མང་ཞིག་དབྱར་གྱི་མཚོ་མོ་བརྡོལ་བ་བཞིན་འཕེལ་རྒྱས་ཡོང་རྒྱུ་དང་། ཁ་བ་གངས་ཅན་པའི་སྒྱུ་རྩལ་བློ་གྲོས་ཀྱི་སྒོ་མོ་ཡངས་པོར་ཕྱེ་ཏེ། བློ་གྲོས་ལ་བཀག་རྒྱ་མེད་པར་རྩོམ་རྩལ་ཕུན་སུམ་ཚོགས་པའི་འཆར་སྣང་དེ་ཕབ་འབྲི་བྱས་ཏེ། འཛམ་གླིང་ཤེས་རིག་གི་གླིང་ག་ན་བོད་པ་ཚང་གི་གླིང་ག་ན་སྒྱུ་རྩལ་གྱི་རིག་པའི་རྣམས་གྲངས་མཐའ་ཡས་པ་ཞིག་མཐོང་ཐུབ་པ་དང་། འཛམ་གླིང་སྒྱུ་རྩལ་གྱི་བང་མཛོད་ནང་དུ་བོད་ཀྱི་ཤེས་རིག་གི་རྒྱུ་ནོར་ཡང་གང་མང་ཞིག་བསགས་ཐུབ་རྒྱུའི་རེ་བ་སྙིང་ལ་བཅངས་ཡོད། ད་རེས་ཀྱི་སྣང་གསར་ཐང་ག་འདི་ལ་འབྲི་བ་པོ་རང་ཉིད་ཀྱི་ཚོར་སྣང་གི་གསལ་བཤད་མ་བྱེད་ན་ཡང་། གང་ཟག་སོ་སོའི་ཅི་སྣང་གི་ཚོར་བ་རེ་མྱོང་དགོས་པ་ལས། འབྲི་བ་པོའི་ཚོར་སྣང་དེས་ཕ་རོལ་པོའི་བློ་ལ་སྒྱུར་བཀོད་ཐེབས་མི་རུང་ཞིང་། གང་ཟག་སོ་སོའི་སྣང་ཚུལ་གྱི་ཚོར་བའི་རྟོགས་རླབས་རེ་ཡོད་དགོས་པ་ནི་སྒྱུ་རྩལ་འདིས་རེ་བ་ཉག་གཅིག་དེ་ཡིན་ལགས། །
དུག་གསུམ་སྨན་གསུམ། 三毒三药
འཚོལ་བཞིན་པའི་སྒོ། 寻找的门
སྤྱན་གྱི་འཁོར་ལོ། 目轮
སྟོང་གཟུགས་དབྱེར་མེད། 色空无别
དྲན་བསམ་གྱི་ཟུར། 思绪的边缘