མ་ཎིའི་རྡོ་འབུམ་སྤུངས་པའི་ལྷས་ར་ན།།
ལྕང་ལོ་དགུང་ལ་མཉམ་པའི་སྲོལ་ཀ་མེད།།རང་གཤིས་གདོད་ནས་སྐམ་པའི་རྭ་གྱོང་དེ།།
རློན་པ་ཞེ་དྲག་ཡིན་སར་ཨེ་འགྲོ་ན།།
ལྟོས་ཤིག་རང་གི་སེམས་ཀྱིས་རང་ལ་ལྟོས།།
རུས་རྐང་སྨུག་པོ་དུར་འཇུག་མ་བྱེད་ཀྱེ།།ཁ་དོག་མེད་པའི་བྱེ་མའི་སྒལ་གཞུང་ན།།
བྲོ་བ་ཡལ་བའི་མཚམས་སྤྲིན་ཡུག་གཅིག་དེར།།
རོལ་དབྱངས་དཀྲོལ་བའི་ལག་པ་ཡོད་རབས་མེད།།
སྙན་ངག་འབྲི་བའི་མཆུ་སྒྲོས་དེ་ལས་མེད།།ཨོང་ཤ་ངོ་ཤ་གཉིས་ཀ་བདག་པོ་བྱོས།།
ཉྭ་ཡུ་ཁྱི་ལ་བྱིན་པའི་ལོ་རྒྱུས་འདུག།
མེ་ཏོག་ཐང་ནས་ཤོག་སྦག་རྒྱག་གི་འདུག།
མཛའ་གཞས་གྲོང་ནས་ཆང་ཕོར་གཏུག་གི་འདུག།རི་དང་གཙང་པོ་གཉིས་ཀ་ངུ་ལ་ཁད།།
སྤྲིན་དང་མེ་ཏོག་གཉིས་ཀ་དགོད་ལ་ཁད།།
སྐྲ་ལོ་དུས་ལྟར་བཅད་པའི་རྣམ་བཞག་དེ།།
ད་ནི་ཁྱོད་ལ་དེ་ཙམ་མི་འགྲིག་འདུག །གཡེར་དྲིལ་རླུང་གིས་སྒུལ་བའི་ཡིག་ཚག་ནང་།
མི་སྐད་ཁྱི་སྐད་དབྱེ་བའི་ལམ་ལུགས་མེད།།
ཆར་སྡོད་བྱེའུ་རྩེན་པའི་འཇིག་རྟེན་དེ།།
སྐྱེ་བ་སྔོན་མའི་ཕ་ཡུལ་འབྲི་བར་བྱོས།།སེམས་པའི་སྦུག་གི་ཚོམ་ཆེན་ནང་མའི་ནང་།།
ད་ནི་ཁྱོད་རང་མ་གཏོགས་མི་བཤམ་མོ།།
བརྩེ་བ་མེད་ས་ནས་རྡོག་བྲོ་མི་རྒྱག
དུར་རྐང་གཅིག་གི་ཞིམ་ཤ་རྔུབ་ཀྱིན།།
ཁེར་རྐྱང་འཇིག་རྟེན་འགྲམ་པ་གླན་ན།།ཕྱི་དྲན་གཙང་པོ་སེམས་ལ་བཞུར་བ།།
མེ་ལོང་ནང་གི་རྟ་ཁྱུ་ཞོགས་ཞོགས།།
ཅོག་ཙེའི་སྒང་གི་མེ་ཏོག་རྐང་གཅིག །
ཤེལ་ཕོར་ཁ་ཡི་མཆུ་སྒྲོས་ཡ་གཅིག །བརྩེ་བ་འབར་བའི་ཚ་རླབས་མིན་ན།།
གཞུང་ལུགས་གང་གི་རྣམ་བཞག་ཐེ་ཡོད།།
ལོ་དང་ཟླ་བའི་རྐང་རྗེས་ཐར་ཐོར།།
སེམས་དང་བསམ་པས་འབྲེལ་འདྲིས་ཐན་ཐུན།།ང་དང་ཁྱོད་ཀྱི་འབྱུང་འགྱུར་མིན་ན།།
རྩེད་སྟངས་ཤིག་གི་གོ་རིམ་ཨེ་ཡིན།།
འཕྲིན་ཡིག་མང་ཞིག་ཁྱོད་ལ་བསྐུར་མྱོང་།།
སྙིང་གཏམ་མང་ཞིག་ཁྱོད་ལ་བཤད་མྱོང་།།དེ་དག་འབྲེལ་མེད་ལས་བྱ་ཡིན་ན།།
ཁྱོད་ལ་མཐོ་རྒྱུགས་འཕྲོད་ས་མ་རེད།།
སེམས་ཀྱི་དམར་པོ་ཁྱོད་ལ་བྲིས་པ།།
འགྲེལ་བཤད་མེད་པར་བསུབ་ཐལ་ཟེར་གི །ཨོ་ལོའི་ཕྱག་ལག་འཛོམས་པོ་མིན་པས།།
རྨི་ལམ་རིང་པོ་ཡོད་ས་མ་རེད།།
གཏམ་རྒྱུད་ཅིག་གི་འགོ་བརྗོད་འབྲི་དུས།།
གཏམ་རྒྱུད་ཅིག་གི་མཇུག་བྱང་གླེང་བྱུང་།།སང་ཉིན་སྨོན་འདུན་དགོས་ཡ་མི་འདུག །
འཛུམ་མདངས་སྐྱ་རེངས་གཞན་དག་བསུས་འདུག །
གནམ་ས་སྤྲོ་བའི་ཉི་མ་ཞིག་ལ།།
ཆང་དཀར་དགོད་པའི་དུས་བཟང་ཞིག་ལ།།ཡ་ཆུང་ཁོག་ན་རེ་སྒུག་མི་འདུག །
ད་ནི་རྡོག་སྣེ་གཞན་ལ་བསྒྱུར་འགྲོ།།