ཞོགས་དུས་ཤིན་ཏུ་གྲང་ལ་ཨ་མ་ལྷག་ཏུ་དྲན།།
བརྩེ་སེམས་ཕྱི་ནང་གསལ་བ་ཡིད་ཀྱི་ཨ་དཀར་བ།།འདུན་མའི་རྨི་ལམ་རིང་མོ་ཟློག་མེད་བུ་ལ་འཆང་།།
སྙིང་རྗེ་མ་ཎི་འཁྱེར་བའི་སེམས་ཀྱི་ལྷ་མོ་མཆོག །
ཉི་མས་སྐེ་སོ་ལྟ་བའི་ཚེ་སྐབས་དེ་ཙ་ན།།
སེམས་པ་རྒྱང་ལ་ཤོར་བས་ཚོད་ཚོད་གྲང་འདར་ཤོར།།བོན་དབྱངས་ངག་ནས་གྱེར་བའི་ཨ་མ་ཨ་དཀར་བ།།
སྐྱ་ཕྱེད་སྔོ་ཕྱེད་སོང་བ་དྲན་པ་ཁེ་རུ་ཡིན།།
གཉེར་མ་གུག་རྐྱང་སོ་སོར་བྱང་ལམ་རང་དོད་བ།།
དབུ་སྐྲ་དུམ་བུ་རེ་རེ་ཁ་བ་བུ་ཡུག་འདྲ།།གློ་བ་འཕར་མ་ཡོད་འདྲའི་སྙིང་རྗེའི་བདག་མོ་ཁྱེད།།
སེམས་ཀྱི་དུང་ཤོག་ངོས་སུ་མ་བྲིས་རང་དོད་ཡིན།།
མགོ་དཀར་མཇུག་དཀར་ཡིན་པས་ཁ་དགེ་བཀྲ་ཤིས་མ།།
ཁ་དན་ཚིག་འཇམ་ཡིན་པས་སྙིང་དམར་སྲོག་གཅེས་མ།།དགུང་གྲངས་མཐོ་ཙམ་ཡིན་པས་གཟི་རྙིང་བརྒྱ་དང་འདྲ།།
ལང་ཚོ་དར་བབ་ཡོལ་བས་བྱུ་རྙིང་ཁྲི་རིན་འདྲ།།
བསམ་དཀར་གཤིས་ཡག་ཡིན་པས་གཡང་དཀར་ཕྱིང་པ་འདྲ།།
ག་ཚོད་ཇི་ལྟར་གྱོན་ཡང་འཇམ་དྲོད་ཇེ་ཆེ་ཡིན།།མི་ཚེ་གཅིག་གི་རིང་ལ་བརྗེད་ཐུབ་ཅི་ཞིག་ཡོད།།
ང་ཡི་ཡུམ་ཆེན་འདི་ལ་མ་མ་སྒྲོལ་དཀར་འབོད།།
བྱམས་བརྩེའི་བདག་མོ་ཡིན་པས་མཁན་དཀར་བདུག་པ་འདྲ།།
ག་ཚོད་ཇི་ལྟར་བདུག་ཀྱང་དྲི་ཞིམ་ཡལ་རྒྱུ་མེད།།ང་ཡི་སྙིང་གི་ཕྱེད་ཀ་ཨ་མ་རྒན་མོ་ལགས།།
རིགས་ཀྱི་གྲལ་སྟོད་གཅིག་ནས་རུས་པ་ཆད་པ་འོ།།
དབུ་སྐྲ་སིལ་མ་རེ་རེ་སྙིང་གཟུགས་དཀར་པོ་ཡིན།།
ཚེམས་ཀྱི་ཕྲེང་བ་འཐོར་བ་སེམས་འབུ་རེ་རེ་འོ།།དྲན་པ་རུས་ལ་ཐིམ་པའི་དྲིན་ཆེན་ཨ་མ་ཁྱེད།།
གློ་རྡེག་ཞེ་ནས་དྲན་པས་བརྩེ་བའི་མེ་ཏོག་འཐོར།།