2014ལོའི་ཟླ་བ་6པའི་ཚེས་17ཉིན། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་ཇོའུ་བྱ་དགའ་དཔྱད་འདེམས་ཀྱི་གྲས་སུ་ཚུད་པའི་གློག་བརྙན་《གཡང་མདའ》ཞེས་པ་ནི། ཧྲང་ཧའེ་གྲོང་ཁྱེར་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་གཟིགས་མོར་འབུལ་བ་དང་། གསར་འགྱུར་ཁྱབ་བསྒྲགས་བྱེད་སྒོ་དངོས་སུ་སྤེལ། འདི་ནི་བོད་པའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཐེངས་དང་པོར་མ་དངུལ་འབོར་ཆེན་བཏང་ནས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན་པས། བོད་པའི་གློག་བརྙན་ལ་ཐུགས་ཁུར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་རྣམ་པ་དང་། བོད་སྐད་ཀྱི་གློག་བརྙན་ལ་དགའ་ཞེན་ཆེ་བའི་བོད་རིགས་རྒན་དར་གཞོན་གསུམ། ཁྱད་པར་དུ་སྤོབས་པ་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བོད་སྐད་གློག་བརྙན་གྱི་ལམ་ལ་གསར་དུ་འཇུག་བཞིན་པའི་ཤ་དར་ཁྲག་དར་གྱི་བོད་རིགས་གཞོན་སྐྱེས་ཚོས་རྣ་བ་བླག་ནས་རེ་སྒུག་ཆེན་པོ་བྱས་ཡོད་པས། ད་ཐེངས་གློག་བརྙན་འདི་ནི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་ཇོའུ་བྱ་དགའི་དཔྱད་འདེམས་ཀྱི་གྲས་སུ་ཚུད་པའི་གཏམ་བཟང་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རྒྱུད་ནས་ཁ་བ་རི་བོའི་ལྗོངས་སུ་ཁྱབ་པ་ན། ཚང་མས་ལག་ཟུང་ཐལ་མོ་བསྡེབས་ནས་རྟེན་འབྲེལ་ཞུས་པ་མ་ཟད། ཡང་བསྐྱར་པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་སྐོར་གྱི་གཏམ་གླེང་ཚ་ཚ་འུར་འུར་དུ་སྤེལ།
གོང་དུ་གླེང་བ་ལྟར་གལ་སྲིད་ཆུང་བྱིས་པའི་དུས་ལ་གློག་བརྙན་དང་ལས་འབྲེལ་ཐོག་མ་བཞག་པ་ཡིན་ན། དུས་རབས་ཉེར་གཅིག་པའི་དུས་མགོ་སྟེ། སྤྱི་ལོ་2002ལོ་ནི་ལས་འབྲེལ་དངོས་སུ་སྨིན་པའི་ལོ་ཞིག་རེད་ཅེས་བཤད་ན་བདེན་པའི་གཏམ་དུ་འཁུམས་པ་ཡིན་ཏེ། ལོ་དེ་ལ་པདྨ་ཚེ་བརྟན་ཁོང་ཀྲུང་དབྱང་གློག་བརྙན་སློབ་གླིང་དུ་ཞུགས་ནས་རྩོམ་རིག་དང་འཁྲབ་གཞུང་རྩོམ་སྒྲིག་སྐོར་ལ་སློབ་གཉེར་གནང་ཞིང་། 2004ལོར་ཕུགས་ཀྱི་འདུན་མ་གཅིག་ལ་བབས་པའི་གྲོགས་པོ་འགའ་དང་མཉམ་དུ་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་སྤྱི་གཉེར་ཁང་གསར་དུ་བཙུགས་ལ། 2006ལོ་ནས་2009ལོའི་བར་པེ་ཅིང་གློག་བརྙན་སློབ་གླིང་དུ་ཡང་བསྐྱར་གློག་བརྙན་འཁྲབ་ཁྲིད་སྐོར་ལ་སློབ་གཉེར་གནང་བས། དུས་དེ་ནས་བཟུང་པདྨ་ཚེ་བརྟན་ནི་བོད་མི་རིགས་ཀྱི་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་པའི་འཕེལ་ཕྱོགས་སོགས་ནི་གློག་བརྙན་སྒྱུ་རྩལ་གྱི་ལམ་ནས་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་འབུལ་བའི་ལས་ལ་དངོས་སུ་ཞུགས་ཤིང་། ཁྱད་པར་དུ་ཁོང་གིས་ཐེངས་དང་པོར་འཁྲབ་ཁྲིད་བྱས་པའི་གློག་བརྙན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།》ཞེས་པ་ནི། རྒྱལ་ནང་ནས་བོད་རིགས་རང་གིས་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་ཤིང་། བོད་མི་རང་གིས་འཁྲབ་སྟོན་བྱས་པའི་བོད་སྐད་གློག་བརྙན་གྱི་སྣེ་འདྲེན་དང་ཚབ་མཚོན་ལྟ་བུ་ཞིག་ཏུ་གྱུར། གློག་བརྙན་འདི་ཡི་ནང་དུ་མདོ་དབུས་མཐོ་སྒང་གི་གྲུ་ཟུར་ཞིག་ནས་བྱུང་བའི་གཏམ་རྒྱུད་ཐུང་ངུ་ཞིག་སྟེ། རི་གྲོང་གི་དགོན་སྡེ་ཞིག་ན། མི་ཚེའི་ལས་དབང་ལ་སྐྱ་ཐིག་འགོད་བཞིན་པའི་གྲྭ་བཙུན་ཆུང་ཆུང་ཞིག་ལོ་སར་ནང་ལ་རང་གི་ཕ་ཡུལ་དུ་སོང་ནས་གློག་བརྙན་ལ་ལྟ་བའི་གོ་རིམ་འདི་བརྒྱུད་ནས། འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་དང་། གོ་ལ་ཧྲིལ་བོ་གྲོང་སྡེ་ཆུང་ཆུང་ཞིག་ཏུ་འགྱུར་བའི་དུས་ཀྱི་འཕེལ་འགྲོས་ནང་ལ། རིག་གནས་ཀྱི་ཚ་རླབས་དྲག་པོ་ཞིག་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་རིས་མེད་དུ་འཕྱོ་ཡོང་བ་དང་བསྟུན་ནས། མི་ལོ་སྟོང་ཕྲག་རིང་ལ་ལྷིང་འཇགས་སུ་གནས་པའི་མཐོ་སྒང་གི་ལ་ལུང་ཀུན་ལའང་། གློག་བརྙན་དང་བརྙན་འཕྲིན་གྱིས་མཚོན་པའི་དེང་རབས་རིག་གནས་ཀྱི་མཁའ་དབུགས་གསར་པ་ཞིག་ལྡང་ཡོང་ནས། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་བརྡབ་གསིག་ཆེན་པོ་ཞིག་ངང་ངམ་ཤུགས་ཀྱིས་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་དེ་སྒྲོ་བཏགས་དང་འུར་བརྗོད་མིན་པར། དངོས་ཡོད་འཚོ་བའི་སྣང་བརྙན་རིས་སུ་ཕབ་པའི་བརྟུལ་ཞུགས་ལྷུར་བླངས་པས། དུས་རབས་གསར་པའི་མཐོ་སྒང་གི་ཡུལ་གྲུ་འདི་ཡི་བསམ་བློ་དང་འཚོ་བའི་འགལ་འདུ་སྣ་ཚོགས་ཤིིག་ཇི་མ་ཇི་བཞིན་གྱི་ལམ་ནས་མཚོན་ཅི་ཐུབ་བྱས་ཡོད་པས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། སྔ་རྗེས་སུ་ཁོ་རེ་ཡའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་ནས་དར་ལུགས་གསར་པ་ཞེས་པའི་ཁྱད་འཕགས་བྱ་དགའ་དང་། སྐབས་25པའི་ཀྲུང་གོའི་གློག་བརྙན་དུས་ཆེན་ཐོག་ནས་གསེར་བྱ་རྟགས་མའི་བྱ་དགའ་སྟེ། འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་9པའི་ཧྲང་ཧྲའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་ཨེ་ཤ་ཡའི་མི་སྣ་གསར་པའི་བྱ་དགའ་སྟེ། ཆེས་མཆོག་ཏུ་གྱུར་པའི་འཁྲབ་ཁྲིད་པའི་བྱ་དགའ་སོགས་རྒྱལ་ཁབ་ཕྱི་ནང་ནས་གཞན་ལ་ངོམ་རིན་ཡོད་པའི་བྱ་དགའ་གང་མང་ཞིག་ཐོབ་ནས། པདྨ་ཚེ་བརྟན་གྱི་གློག་བརྙན་ལམ་བུའི་སྒོ་འཕར་ཡངས་པོར་ཕྱེ་བ་མ་ཟད། བོད་ཀྱི་སྐད་ཡིག་གི་ལམ་ནས་ཕབ་བསྐྲུན་བྱེད་པའི་གློག་བརྙན་གྱི་སྐྱ་རེངས་དང་པོ་བསུས།
དེ་ནས་བཟུང་པདྨ་ཚེ་བརྟན་གྱིས་མཐོ་སྒང་གི་འཚོ་བའི་སྣང་བརྙན་རེ་རེ་ནི་གློག་བརྙན་སྒྱུ་རྩལ་གྱི་ཐབས་ལམ་འདི་བརྒྱུད་ནས་མཚོན་ཅི་ཐུབ་བྱས་པའི་ལས་ལ་ཞུགས་ཤིང་། 2011ལོར། གློག་བརྙན་《ཁྱི་རྒན》ལའང་སྐབས་35པའི་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་ནས་ཨེ་ཤ་ཡའི་གློག་བརྙན་གྱི་གསེར་གྱི་རྟགས་མའི་བྱ་དགའ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་མང་པོ་ཐོབ་ཅིང་། གློག་བརྙན་དཔྱད་བརྗོད་པ་དང་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་གདེང་འཇོག་གང་ལེགས་གནང་བས། གོང་གི་གློག་བརྙན་འདི་གསུམ་ནི་ཁོང་གི་ཚབ་མཚོན་རང་བཞིན་ལྡན་པའི་གློག་བརྙན་གསུམ་དུ་གྱུར་པ་མ་ཟད། གློག་བརྙན་དེ་གསུམ་གྱི་ཐུན་མོང་གི་ཆ་ཞིག་ནི། རྒྱ་ཆེའི་ལྟད་མོ་བའི་མིག་གི་ལོངས་སྤྱོད་གཙོས་སུ་བཟུང་ནས། སྒྲོ་བཏགས་དང་འུར་བརྗོད་ཐབས་ལ་བརྟེན་པའི་ཚོང་ལས་གློག་བརྙན་དང་མི་འདྲ་བར། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཕུགས་བསམ་རྣལ་མ་ཞིག་དམ་དུ་སྲུང་ནས། གཞན་གྱི་མིག་ལམ་ན་ཆེས་ངོ་མཚར་ཆེ་བའི་གནས་མཐའ་དག་རེ་ཞིག་ལོགས་སུ་བསྐྱུར་ནས། དུས་རབས་གསར་པའི་ནང་དུ་བོད་ཀྱི་འཚོ་གནས་ཁོར་ཡུག་དང་། རིག་གནས་སྙིང་སྟོབས། འཇིག་རྟེན་ལྟ་བ། རིན་ཐང་ལྟ་ཚུལ་སོགས་ལ་མངོན་ཤུགས་གང་རུང་ནས་ཤེས་མེད་ཚོར་མེད་ངང་འཕོ་འགྱུར་ཆེན་པོ་འབྱུང་བཞིན་པའི་འཚོ་བའི་སྣང་ཚུལ་ངོ་མ་ཞིག་གློག་བརྙན་སྒྱུ་རྩལ་གྱི་ལམ་ནས་ཇི་མ་ཇི་བཞིན་དུ་མཚོན་ཅི་ཐུབ་བྱས་པའི་ལས་ལ་འབད་བརྩོན་གནང་བས། ཚང་མས་པདྨ་ཚེ་བརྟན་གྱི་གློག་བརྙན་ནི་དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་པའི་འཚོ་བའི་མེ་ལོང་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས།