རྔ་བ་ཁུལ་འཛམ་ཐང་ཞེས་པ་ནི་འཛམ་བྷ་ལའི་བཞུགས་གནས་ཞེས་པའི་དོན་ཡིན་ལ། གནས་འདིར་ས་གཙང་ཞིང་ཆུ་དྭངས་ལ། རྩི་ཤིང་སྔོན་མོས་རུ་ཀླུང་ཡོངས་སུ་བརྒྱན་པ། ཡུལ་ལྗོངས་ལྟ་ན་སྡུག་པས། ལྷ་སྒྲུང་གི་འཇིག་རྟེན་ཞིག་དང་མཚུངས་མོད། ཡིན་ནའང་ལོ་ངོ་བརྒྱ་སྟོང་གི་རིང་ལ། གནས་འདིར་འཚོ་བའི་མི་རྣམས་ཚིགས་ལྦའི་ནད་ཀྱིས་མུན་པས་མནར་འདུག བསྡོམས་རྩིས་བྱས་པ་ལྟར་ན། འཛམ་ཐང་རྫོང་ནི་རྔ་བ་ཁུལ་གྱི་ཚིགས་ལྦའི་ནད་ཡོད་པའི་མི་གྲངས་ཆེས་མང་ཞིང་ཁྱབ་རྒྱ་ཆེས་ཆེ་བ། ནད་གཞི་ཆེས་ཚབས་ཆེ་བའི་རྫོང་ཁག་ཅིག་ཡིན་ཏེ། རྫོང་ཡོངས་སུ་ཚིགས་ལྦའི་ནད་ཡོད་པའི་མི་གྲངས10682ལ་སླེབས་ཏེ། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བཞི་ཆ་གཅིག་ཟིན་ཡོད་པས། ཚིགས་ལྦའི་ནད་ལས་བྲལ་རྒྱུ་དེ་ནི་ས་ཁུལ་དེའི་རྒྱ་ཆེའི་མང་ཚོགས་ཀྱི་འདུན་པ་ཉག་གཅིག་ཏུ་གྱུར་འདུག
འཛམ་ཐང་རྫོང་གི་ཚིགས་ལྦའི་ནད་དེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་པས་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་དེ། དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཐེངས་མང་པོར་བཀའ་མཆན་གལ་ཆེན་གནང་ཞིང་། རྒྱལ་ཁབ་དབུལ་སྐྱོར་གཞུང་ལས་ཁང་དང་། ཞིང་ཆེན། ཁུལ་སོགས་ཀྱི་འགོ་ཁྲིད་གཙོ་བོ་དང་ཆེད་ལས་མཁས་པ་རྣམས་ཐེངས་མང་པོར་འཛམ་ཐང་དུ་ཟབ་ཞུགས་བྱས་ནས། ཚིགས་ལྦའི་ནད་འགོག་བཅོས་བྱེད་ཐབས་ལ་ཆེད་དོན་ཞིབ་འཇུག་བྱས། 2006ལོར། ཀྲུང་དབྱང་གིས་འཛམ་ཐང་གཙོར་བྱས་པའི་ནད་ཁུལ་ལ་ཚིགས་ལྦའི་ནད་ཕྱོགས་བསྡུས་འགོག་བཅོས་ལག་ཏུ་བསྟར་ནས། ས་དེའི་མང་ཚོགས་རྣམས་གང་མགྱོགས་སྒོས་ནད་དང་དབུལ་ཕོངས་ལས་བྲལ་ཏེ། བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བར་རོགས་སྐྱོར་བྱས།
འབྲེལ་ཡོད་ཆེས་ལས་མཁས་པ་ཚོས་ཚོད་དཔག་བྱས་པ་ལྟར་ན། ཚིགས་ལྦའི་ནད་དེ་མང་ཚོགས་ཀྱི་བཟའ་བཅའ་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཅས་ལ་འབྲེལ་བ་ཡོད་པ་རེད། དེའི་ཕྱིར་ནད་གཞི་རྩ་བ་ནས་བཅོས་དགོས་ན་ཁོར་ཡུག་བཅོས་སྐྱོང་དེ་ངེས་པར་དུ་སྔོན་ལ་སྤེལ་དགོས། ད་ལྟ་འཛམ་ཐང་རྫོང་གི་མངའ་ཁོངས་ཀྱི་ཚིགས་ལྦའི་ནད་ཁུལ་དེར་རྒྱང་རིང་ནས་ཕར་བལྟས་ཚེ། ཚང་མ་བོད་ཀྱི་གཞིས་ཁང་ཤ་སྟག་ཡིན་ཏེ། ཁྱིམ་ཚང་སོ་སོའི་ར་སྐོར་གཙང་ཞིང་ཁང་ཁྱིམ་གསལ་ལ། སྡེ་བའི་ནང་དུ་སྐྱོད་ཚེ། ནོར་གནག་གི་ངུར་སྒྲ་དང་གཡང་མོ་ལུག་གི་འབའ་སྒྲ་སོགས་ཐོས་འཛིན་རྣ་བའི་བུ་ག་རུ་བར་མེད་དུ་རྒྱུ་ནའང་། ནོར་ལུག་གི་ལུད་སོགས་ཏིལ་འབྲུ་ཙམ་ཡང་མཐོང་རྒྱུ་མེད། གསར་དུ་བསྐྲུན་པའི་རང་འབབ་འཐུང་ཆུ་དང་དོང་ཆུ་སོགས་ལས་གཞི་དག་གིས་ནད་ཁུལ་མང་ཚོགས་ཀྱི་བཏུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་འདུག