རྟོག་གྲོལ།།
ཡི་གེའི་རྒྱུ་བཞི་གསལ་བས་སྒྲ་ལ་འཁྲུལ་
བ་མེད།།
མིང་གི་སྡེབ་སྦྱོར་གསལ་བས་གསར་རྙིང་
བརྡ་ལ་མཁས༎
ངོ་བོ་འགྱུར་ལུགས་གསལ་བས་ཡི་གེ་གང་
བབ་ཤེས།།
སྒྲ་གདངས་མཐུན་འགྱུར་གསལ་བས་ཟུར་
ཆག་འབྱུང་རྐྱེན་སེལ།།
གསལ་བ་འདི་ལྔ་ཡིག་སྐྱོན་སེལ་བའི་
གཉེན་པོ་ལགས།།
དོན་ཚན་དང་པོ། ཡི་གེའི་དག་ཆ་གདོན་
པ་ཧ་ཅང་གལ་ཆེ།
ཡི་གེ་བྲིས་ན་དག་སྙོམས་མཛེས་གསུམ་དགོས། སྙོམས་ཆ་དང་མཛེས་ཆ་ཞན་ཡང་མི་ཆོག་པ་མེད་མོད། དག་ཆ་མ་ཐོན་ན་མི་ཆོག་སྟེ། གོ་བརྡ་ཇི་བཞིན་འཕྲོད་དཀའ་བའི་ཕྱིར། རྩོམ་མཁན་གང་ཡང་དག་ཆ་གཙོ་བོར་འཛིན་པ་ཡིན། སྐྱེ་བོ་ཕལ་གྱི་བརྩམས་ཆོས་རྣམས་ལས། ཡིག་སྐྱོན་མང་ཉུང་མ་གཏོགས་མཐའ་དག་པ་དཀོན། དེ་ཡང་དག་ཡིག་ལ་མ་བསྟེན་པ་མིན་ཡང་། ཚད་ལྡན་ཡིན་མིན་མ་བརྟགས་པར། ཤ་གཟུག་ཟ་རྐྱང་བྱས་པ་མང་། དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོ་མཆོག་གིས“སྔོན་ནས་ད་བར་དག་ཡིག་ཆེ་ཆུང་གི་ཕྲེང་བ་རིང་བོར་བསྟར་བའི་ཁྲོད་ན། གཏན་ནས་ཕན་མི་ཐོགས་པའང་མེད་ལ། མཐའ་གཅིག་ཏུ་ཤ་གཟུག་ཟ་རྐྱང་རང་ཡིན་པའང་དཀོན་པར་གདའ་བས། འདོར་ལེན་མ་ནོར་བ་ཤིན་ཏུ་གལ་ལོ”(《དག་ཡིག་ཤེས་བྱ་རབ་གསལ》གྱི་མཇུག་བྱང་དུའོ)ཞེས་གསུངས་སོ། ། འབྲི་མཁན་ཕལ་བ་རྣམས་ཀྱི་སྨྱུག་རྩེ་ལས། རྒྱུན་པར་ཡི་གེ་མ་དག་པ་འབྱུང་སླ་བའི་སྣང་ཚུལ་ནི། 《བརྡ་དག་མིང་ཚིག་གསལ་བ》ཞེས་བྱ་བ་ལས་མངོན་པར་མཐོང་བས། མིང་མཛོད་དེའི་སྐྱོན་ཡོན་ཅུང་ཟད་དཔྱད་ན། ཡི་གེའི་དག་ཆ་གདོན་པར་ཕན་ཐོགས་ཡོད་པར་མཐོང་ངོ་།།
མིང་མཛོད་དེ་དགེ་བཤེས་ཆོས་ཀྱི་གྲགས་པས་ལོ་ངོ་བཅུ་གསུམ་གྱི་རིང་ལ། དཔེ་ཆ་སྣ་ཚོགས་ལས་ཐ་སྙད་བཏུས་ཤིང་བསགས་ནས། འགྲེལ་བ་དང་བཅས་གུང་བསྒྲིགས་པ་ཡིན། སྤྱི་ལོ1975ལོར། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ་མཛད། སྤྱི་ཚོགས་སུ་ཉེར་མཁོ་ཆེ་བས། དེའི་རྗེས་སུ་རིམ་གྱིས་ཐེངས་འགའ་བསྐྱར་དཔར་མཛད། བོད་ཀྱི་བརྩམས་ཆོས་གར་ཁྱབ་ལ། མིང་མཛོད་དེ་མ་ཁྱབ་པ་མེད། རྒྱུ་མཚན་ནི། མིང་མཛོད་དེ་མ་འཁྲུངས་གོང་གི་གཞུང་འགྲེལ་མ་གཏོགས། དག་ཡིག་དཔེ་ཆ་ཕལ་ཆེར་བློ་ལ་འཛིན་བདེ་ཆེད། ཚིགས་སུ་བཅད་པ་ཡིན་ལ། ཐ་སྙད་བསྡུས་པ་གྲངས་ཀྱིས་དབུལ་བར་མ་ཟད། དོན་ཡང་ཕལ་ཆེར་ཚིག་ཕྲེང་གི་དཔེར་བརྗོད་སྒོ་ནས་བསྟན་པ་ལས། ཟུར་དུ་འགྲེལ་བ་བཀོད་པ་ཉུང་བ་དང་བཅས་པས་གོ་དེ་འདྲ་ཆོད་ཀྱིན་མི་འདུག དག་ཡིག་མིང་མཛོད་དེར་ཐ་སྙད་བསྡུས་པ་ཧ་ཅང་མང་ཞིང་། འགྲེལ་བ་འཁོད་ཡོད་པ་དང་། གོ་རིམ་བཞིན་བཙལ་ཁ་བདེ་བ་སོགས་ཀྱི་དྲིན་གྱིས། བོད་ཡིག་སློབ་གཉེར་པ་རྣམས་ལ་ཚ་གདུང་སྐོམ་པ་སེལ་བའི་བདུད་རྩིར་གྱུར་པ་ཡིན། རྩོམ་པ་པོས“མི་ཟས་ཡུན་རིང་ཟོས་པའི་རིན་འབབ་ཏུ། །དེབ་ཆུང་འདི་ཉིད་མི་ཡི་ཡུལ་དུ་བཞག”(མིང་མཛོད་དེའི་མཇུག་བྱང་དུ་གསལ) ཅེས་གསུངས་མོད། ཁོང་གིས་བཞག་པའི་ཟས་རིན་འདི་གཞུག་མ་གང་མང་གིས་བཀོལ་བར་ཕན་ཐོགས་ཆེ་ཞིང་འཛད་རྒྱུ་མེད་པའི་རིན་པོ་ཆེ་ཞིག་རེད།དོན་ཚན་གཉིས་པ། བྲི་ལ་ནོར་སླ་བའི་ཡི་གེ་
སྐོར་ཞིག་གི་འབྱུང་རྐྱེན།
རིན་པོ་ཆེ་དེ་བསྲེགས་བཅད་བརྡར་བ་གནད་དུ་དེ་འདྲ་མ་ཐིངས་པས། མིང་དང་འགྲེལ་ལས། མིང་གཅིག་ལ་ཡིག་གཟུགས་མི་འདྲ་བ་གཉིས་རེ་དང་། མཐའ་ན་གསུམ་རེ་ཡང་བྲིས་སྣང་། རགས་བརྩིས་ལྟར་ན། ཉིས་བརྒྱར་ཉེ་བ་ཞིག་ཡོད་པ་ལས། གདམ་ང་དང་སྡེབ་སྦྱོར་དུ་ཧ་ལམ་བཞི་ཆའི་གཅིག་འགྲིག་པར་སྣང་ཡང་། སྒྲའི་ཞིབ་ཆ་མི་གཅིག་པའི་དབྱེ་བ་མ་ཕྱེད་པར་ཉ་ཉུང་མཉམ་བསྲེས་སུ་གྱུར་པའི་མ་དག་པ་བཞི་ཆའི་གསུམ་སྣང་། དེ་རྣམས་ལས་ཉེར་མཁོ་ཆེ་ཞིང་། བྲི་ལ་ནོར་སླ་བའི་ཐ་སྙད་སྐོར་ཞིག་དག་པ་སྔ་མ་དང་། མ་དག་པ་ཕྱི་མར་བཀོད་ཅིང་། ནོར་སོ་གཙོ་བོ་བརྒྱད་དུ་དྲིལ་ནས་དཔེ་དྲངས་ན།
དང་པོ། མིང་གཞི་ནོར་བ།
མིང་གཞིའི་སྒྲ་དེ་གནས་གང་ལས་འབྱུང་ཞིང་། བྱེད་པ་གང་གིས་བསྐྱེད་པ། རྩོལ་བ་དྲག་ཞན་བར་མ་ཅི་འདྲ་ཡིན་པ་མ་བརྟགས་པར། སྒྲ་སྤྱི་འདྲ་བ་ཙམ་ལ་བརྟེན་ནས། དེ་དག་གི་ཞིབ་ཆ་མི་གཅིག་སའི་དབྱེ་བ་མ་ཕྱེད་པར། དག་མ་དག་གཉིས་གསུམ་རེ་བྲིས་བྱུང་བ་རེད། དཔེར་ན། ཁང་བའི་ལྕམ་ཤིང་ལ་ཕྱམ་དང་།
ཁྱམ་གཉིས་བྲིས་པ། སྔ་མ་འགྲིག་ལ་ཕྱི་མ་འཕྱུགས་སྣང་། འདི་གཉིས་ཀའི་སྒྲ་སྤྱི་མཆུ་བཙུམས་པ་འདྲ་སྟེ། རྗེས་འཇུག་མ་ཡིག་ཡིན་པའི་ཕྱིར། ཞིབ་ཆ་མི་གཅིག་སྟེ། སྔ་མ་མཆུ་དང་། ཕྱི་མ་མགྲིན་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ། མཐའ་ཡས་པ་ལ་འབྱམས་ཀླས་པ་དང་འཇམ་ཀླས་པ། དུས་རེ་ཞིག་བཟའ་བཏུང་མི་སྤྱོད་པའི་ཆོས་ཀྱི་དཀའ་ཐུབ་ལ་བསྙུང་གནས་དང་སྨྱུང་གནས་དང་བསྙེན་གནས། སྤྱང་བོ་ལ་གྲུང་བོ་དང་དྲུང་བོ། ལམ་རྒྱགས་ལ་བྲོ་དང་དྲོ། བཟོ་བྱེད་མཐུ་ལྡན་ལ་འཕྲུལ་འཁོར་དང་འཁྲུལ་འཁོར། འགལ་བ་འདུམ་པར་བྱེད་པ་ལ་སྡུམ་པ་དང་ཟླུམ་པ། ནོར་བ་ལ་འཕྱུགས་པ་དང་འཆུགས་པ། དབང་འབྱོར་བ་ལ་ཀློང་དུ་གྱུར་པ་དང་རློང་དུ་གྱུར་པ། ཡི་གེ་འབྲི་བྱེད་ལ་སྨྱུ་གུ་དང་སྙུ་གུ་ལྟ་བུ་སོགས་ལས་སྔ་མ་དག་པ་དང་། ཕྱི་མ་མ་དག་པའོ།།
གཉིས་པ། མགོ་ཅན་དང་མགོ་ཅན་ཡིན་མིན་ནོར་བ།
མགོ་ཅན་གསུམ་ལས། ར་མགོ་ལྕེ་རྩེ་འདར་བ་དང་། །ལ་མགོ་ལྕེ་ཀློད་རྒྱ་ཡངས་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ཞེས་པའི་གནད་མ་ཟིན་པ་དང་།
མགོ་ཅན་གྱི་སྒྲ་ལྕི་བ་དང་། མགོ་མེད་ཀྱི་སྒྲ་ཡང་བའི་ཁྱད་པར་མ་ཕྱེད་པར། དག་མ་དག་གཉིས་བྲིས་བྱུང་བ་རེད། དཔེར་ན། སྨྲ་བ་ལ་སྨེད་པ་དང་རྨེད་པ་གཉིས་བྲིས་སྣང་། སྔ་མ་འགྲིག་ལ་ཕྱི་མ་མི་འགྲིག་སྟེ། སྒྲ་སོ་སྲུབས་ལས་རླུང་ཕུད་པ་དང་། ལྕེ་རྩེ་འདར་བ་ལས་བྱུང་བའི་ཁྱད་མ་ཕྱེད་པའི་ལན་པ་ཡིན། ལས་རོགས་ལ་ལག་པོད་དང་ལག་སྤོད་གཉིས་བྲིས་པ་ལས། སྔ་མ་འགྲིག་ལ་ཕྱི་མ་མི་འགྲིག་སྟེ། པོད་སྒྲ་དྲག་པ་ཙམ་ལས་ལྕི་ཆ་མེད་པ་དང་། སྤོད་སྒྲ་ལྕི་ཞིང་དྲག་པའི་ཁྱད་པར་མ་ཕྱེད་པའི་ལན་པ་ཡིན། དེ་བཞིན་སྟ་གོན་ལ་ལག་སྡོག་དང་ལག་རྡོག དབྱིབས་ཟླུམ་པོ་ལེབ་མོ་ལ་ཀོར་ཀོར་དང་སྐོར་སྐོར། འོད་འཁྱིམས་ལ་འོད་ཀོར་དང་འོད་སྐོར། སྤྲང་བོ་ལ་མུ་ཏོ་བ་དང་མུ་ལྟོ་བ། ཕྲུ་སློག་པ་ལ་རྨོ་རྨོད་པ་དང་རྨོ་མོད་པ་ལྟ་བུ་སོགས་ཀྱི་སྔ་མ་དག་པ་དང་ཕྱི་མ་མ་དག་པའོ།།
གསུམ་པ། སྔོན་འཇུག་ད་དང་མགོ་འཇོག་ནོར་བ།
སྔོན་འཇུག་ད་ལྕེ་རྩེའི་བྱེད་པས་བསྐྱེད་ཅིང་།
མིང་གཞི་དང་སྦྱར་ནས་མྱུར་དུ་ཀློག་ཚེ། རླུང་གིས་བསྐྱོད་པ་ལས་ལྕེ་རྩེ་ཅུང་ཟད་འདར་བར་གྱུར་པས། ར་མགོའི་སྒྲ་དང་ཆེས་མཚུངས་པའི་དབང་གིས། སྒྲ་འདི་གཉིས་ཕན་ཚུན་ནོར་སླ་ཞིང་། ལ་མགོ་དང་ས་མགོ་ཡང་སྒྲ་ལྕེ་རྩེ་དང་། ལྕེ་རྩེ་དང་ཉེ་བའི་ཆ་དང་ལྡན་པས་ན། སྔོན་འཇུག་ད་དང་ནོར་སླ། དེ་ཕྱིར་འདི་རིགས་ལས་གདམ་ང་ཅན་དུ་འཁྲུལ་བ་མང་ངོ་། །དགའ་དྲགས་པ་ལ་དགོད་པ་དང་རྒོད་པ་གང་རུང་བྲིས་པ། སྔ་མའི་དས་འཕུལ་དང་། ཕྱི་མའི་ར་མགོའི་གྲགས་ཚུལ་འདྲ་བར་གྱུར་ནས་གདམ་ངའི་ཚུལ་དུ་གྱུར་ཀྱང་།
གདམ་ང་མ་ཡིན་ཏེ། དུས་ཀྱི་རྣམ་གཞག་ལས། དགོད་ནི་ད་ལྟ་བ་དང་སྐུལ་ཚིག་ཡིན་པ་དང་། མ་འོངས་པ་ལ་དགད་དང་། འདས་པ་ལ་བགད་ཡིན་པ་ལས། ར་མགོ་མེད་པས་གསལ། དེ་བཞིན། བཟའ་ཟླའི་ལྕམ་སྲིང་ལ་སྙིད་མོ་དང་གཉིད་མོ། བོངས་དང་ལྗིད་ཆེ་བ་ལ་རྡོས་བཅས་དང་གདོས་བཅས། རིག་པ་གསལ་བོ་མ་ཡིན་པ་ལ་དམུན་པ་དང་རྨུན་པ་དང་སྨུན་པ། རིགས་ངན་ལ་དམེ་ཤ་ཅན་དང་རྨེ་ཤ་ཅན་དང་སྨེ་ཤ་ཅན། ནམ་མཁར་འགྲོ་བའི་ཕྱང་ཐག་ལ་རྨུ་ཐག་དང་དམུ་ཐག གལ་བོ་ཆེ་ལ་གཙིགས་ཆེ་བ་དང་རྩིགས་ཆེ་བ། མ་བསྲེགས་ཐལ་བ་ལ་ཕ་བ་ལྒོ་ལྒོ་དང་ཕ་བ་དགོ་དགོ་དང་ཕ་བ་རྒོ་རྒོ། ར་མ་དང་འདྲ་བའི་རི་དྭགས་ཤིག་ལ་རྒོ་བ་དང་དགོ་བ། ཟས་སོགས་བལྡད་པ་ལ་དམུར་བ་དང་རྨུར་བ་ལྟ་བུ་སོགས་ཀྱི་སྔ་མ་དག་ལ་ཕྱི་མ་མ་དག་པའོ།།
བཞི་པ། སྔོན་འཇུག་ཡོད་མེད་ནོར་བ།
བས་འཕུལ་སོ་མཆུ་རེག་པ་ལས། །གས་འཕུལ་གྲེ་བའི་ཕུགས་ནས་དབྱུང་། །དས་འཕུལ་ལྕེ་རྩེ་ཀློད་པ་ལས། །བ་ཕྱེ་མ་བཙུམས་གཉིས་ཀ་སྣ། །འཕུལ་ཟུར་ཆག་ན་འཕུལ་མེད་འདྲའོ། །བྲི་བྱའི་མིང་དེར་འཕུལ་སྒྲ་ཡོད་མེད་དང་། ཡོད་ན་གང་ཡིན་པ་མ་བརྟགས་ན། ནོར་འཁྲུལ་འབྱུང་སླ། དཔེར་ན། ཉམ་ཐག་པ་ལ་ཀོས་ཐག་པ་དང་། དཀོས་ཐག་པ་གཉིས་བྲིས་སྣང་། བརྗོད་ངག་ཏུ་ཀོས་ཞེས་སྒྲ་དྲག་པ་ཙམ་ལས། ཐོག་མར་ལྕེ་རྩེ་ཀློད་པའི་སྒྲ་ཟུར་འབྱུང་རྒྱུ་མེད་པས་གསལ། དེ་བཞིན་དཔེ་ཆ་མང་བོའི་མཚན་བྱང་ཅིག་ཅར་འཁོད་པའི་མིང་ལ་དཀར་ཆག་དང་ཀར་ཆག ལོག་བཤད་ལྟ་བུ་ལ་ཀྱོག་བཤད་དང་བཀྱོག་བཤད། སླད་མར་ལ་རྗེས་སོར་དང་རྗེས་གསོར། མིའི་གཟུགས་ལྟ་བུར་བཀོད་པའི་སྲུང་བྱེད་ལ་ཐོ་ཡོར་དང་མཐོ་ཡོར། དཔྱིད་ཀྱི་ཕོ་ཉ་ལ་ཁུ་བྱུག་དང་ཁུ་དབྱུག བྲེལ་བ་མེད་པ་ལ་སོས་དལ་དང་སོས་གདལ། ལུགས་རྙིང་གི་ཚེས་པ་སུམ་ཅུ་ལ་ནམ་གང་དང་གནམ་གང་། ཉན་རྣ་ལ་འོན་སངས་དང་འོན་གསེང་། བཟོད་པའམ་བསམ་པ་ལ་བརྣགས་པ་དང་མནགས་པ་ལྟ་བུ་སོགས་ཀྱི་ཕྱི་མ་ནོར་རོ།།
ལྔ་པ། སྔོན་འཇུག་ནོར་བ།
སྔོན་འཇུག་མ་དང་འ་གཉིས་ལ་སྣ་སྒྲ་ལྡན་པས། མཆུ་དབྱེ་བཙུམ་གྱི་ཁྱད་པར་མ་ཕྱེད་ན་ནོར་སླ། སྔོན་འཇུག་ག་ད་བ་གསུམ་གྱི་སྒྲ་ལྕི་བས། སོ་སོའི་བྱེད་རྩོལ་གྱི་དབྱེ་བ་རྣམ་པར་མ་ཕྱེད་ན་ཡང་ནོར་སླའོ། །དབུ་མཛད་ལ་མགོ་འདྲེན་དང་འགོ་འདྲེན་འབྲི་ཚུལ་གཉིས་བྱུང་བ་ནི། མཆུ་འབྱེད་འཛུམ་གྱི་དབྱེ་བ་མ་ཕྱེད་པར། སྒྲ་ཡང་ཞིང་སྣ་ནས་རླུང་འགྲོ་བའི་ཆ་ནས་ཉ་ཉུང་མཉམ་བསྲེས་སུ་གྱུར་པ་རེད། དག་ཡིག་ལ་ལར། ལུས་ཀྱི་མགོ་ནི་མ་མགོ་ལ། །དུས་ཀྱི་འགོ་ནི་འ་འགོ་ཡིན། །ཞེས་པ་བདེན་པར་མ་མཐོང་སྟེ། ཡན་ལག་ལྔ་བོ་ལས་མཆོག་ཏུ་གྱུར་པ་མགོ་ཡིན་པར་དཔེ་བླངས་ནས། ཚོགས་པའི་གཙོ་བོ་ལ་མགོ་བ་དང་། སེམས་ཅན་ཀུན་གྱི་སྐྱབས་མཆོག་ལ་མགོན་པོ་ཞེས་པ། དེ་མ་ཟད་མགོ་ཡི་ཞེ་ས་ལ་དབུ་དང་། མགོ་འདྲེན་ལ་ཞེ་ས་སྦྱར་ན་དབུ་འདྲེན་ཟེར་བ་མ་ཡིན་ནམ། དེས་ན་མགོ་ནི་དངོས་པོའི་མིང་དང་། འགོ་ནི་བྱ་བའི་མིང་སྟེ། འབྱར་བའི་དོན་ཡིན་པས། འགོ་འདྲེན་ལྟར་བྲིས་པ་མ་དག་པའོ། །ང་རྒྱལ་གཅོག་པར་གཅོམ་སྐྱུང་བ་དང་། བཅོམ་སྐྱུང་བ་བྲིས་པ་གཉིས་ལས། གས་འཕུལ་མགྲིན་པ་དང་ལྕེ་རྩེ་ལས་བྱུང་བ་དང་། བས་འཕུལ་མཆུ་ལས་བྱུང་བའི་ཁྱད་པར་ཤེས་ན། བརྡ་སྦྱོར་བའི་སྒྲ་ལྟར་སྔ་མ་འགྲིག་པར་འཛིན་ནོ། །དེ་བཞིན་ལུས་ཁམས་དྭངས་པར་བྱེད་པ་ལ་ཁམས་བསང་དང་ཁམས་གསེང་། སྐེ་འཁྱོག་ལ་མཇིང་ཡོན་དང་འཇིང་ཡོན། ངོ་ཐུག་པར་ཞལ་མཇལ་བ་དང་ཞལ་འཇལ་བ། དྲིན་ལན་འཇལ་བ་ལ་དྲིན་གཟོ་བ་དང་དྲིན་བཟོ་བ། ཁ་འཆམ་པ་ལ་མཐུན་པ་དང་འཐུན་པ། སྨད་འཚོང་མ་ལ་འཇུད་མཐུན་མ་དང་མཇུད་འཐུན་མ། ངལ་བ་ལ་མཉེལ་བ་དང་གཉེལ་བ། ཕྱུགས་འཚོ་བའི་རུ་གནས་ལ་མཚེར་ས་དང་འཚེར་ས་ལྟ་བུ་སོགས་ཀྱི་སྔ་མ་དག་པ་དང་ཕྱི་མ་ནོར་བའོ།།
དྲུག་པ། ཡང་འཇུག་ཡོད་མེད་ནོར་བ།
སྤྱིར་ཡང་འཇུག་ཕོ་ཡིག་ཡིན་པས། སྒྲ་དམ་ཞིང་དྲག་པར་འདོན་པ་དང་། རྗེས་འཇུག་ཙམ་ནི་ཡང་འཇུག་ལས་སྒྲ་ཅུང་ཟད་ཞན་པར་འདོན་པ་ཡིན་མོད། དེང་སང་ཡང་འཇུག་གི་སྒྲ་ཟུར་ཧ་ལམ་ཉམས་ཀྱང་།
སྒྲ་གཅིག་མིང་དོན་མི་གཅིག་པའི་འབྱེད་བྱེད་ཡང་འཇུག་ཡོད་མེད་ཡིན་པས། དོན་ལ་མ་བརྟགས་ན་ནོར་སླ། དཔེར་ན། གནའ་བོ་ལ་ཡ་ཐོག་དང་ཡ་ཐོགས་གཉིས་བྲིས་སྣང་། ཐོག་འོག་ཐོག་མཐའི་དང་ཐོག་ལ་ས་མཐའ་མེད་པས་སྔ་མ་འགྲིག སྲིད་འཛིན་ལས་ཁུངས་ཚུགས་ཡོད་ས་ལ་གཞུང་ས་ལས་གཞུངས་སར་བྲིས་པ་ནོར་སོང་། དེ་བཞིན་ཆུ་གཙུབ་པའི་མིང་ལ་ཆག་ཆག་དང་ཆགས་ཆགས། ཁང་མིག་ལ་ཤག་ཆུང་དང་ཤགས་ཆུང་། བཙུན་པའི་སྨད་གོས་ལ་ཤམ་ཐབས་དང་ཤམ་ཐབ། གཡོ་སྐོལ་བྱེད་སྤྱད་ལ་སླ་ང་དང་སླང་ང་། ཁོག་དྲང་བ་ལ་གཞུང་བཟང་བ་དང་གཞུངས་བཟང་བ། ཕན་པའི་གྲོགས་ལ་སྟོངས་གྲོགས་དང་སྟོང་གྲོགས་ལྟ་བུ་སོགས་ཀྱི་སྔ་མ་དག་པ་དང་ཕྱི་མ་ནོར་བའོ།།
བདུན་པ། དབྱངས་ཡིག་ནོར་བ།
དབྱངས་ཀྱི་ང་རོ་ལྔ་ལས། ཨ་ནི་དྲང་བ་སྟེ། སྒྲ་མཉམ་པར་བྱས་ནས་འདོན་པ་དང་། གུག་གུ་ནི་བཀུག་པ་སྟེ། སྒྲ་སྤྱི་བོའི་ཆ་ནས་གུག་པར་བྱས་ནས་འདོན་པ་དང་། ཞབས་ཀྱུ་ནི་སྨད་པ་སྟེ། སྒྲ་འཕང་མར་ལ་ཕབ་ནས་འདོན་པ་དང་། འགྲེང་བུ་ནི་སྒྲེང་བ་སྟེ། སྒྲ་གྱེན་ལ་བཀྱགས་ནས་འདོན་པ་དང་། ན་རོ་ནི་བསྟོད་པ་སྟེ། སྒྲ་འཕང་མཐོན་པོར་བྱས་ནས་འདོན་པ་བཅས་ཀྱི་ཁྱད་པར་ལེགས་པར་མ་ཕྱེད་པའི་རྐྱེན་གྱིས་ནོར་བ་ཡིན། བཀལ་བའི་ད་ལྟ་བ་ལ་ཁལ་འགེལ་བ་དང་། ཁལ་འགལ་བ་འབྲི་ཚུལ་གཉིས་བྱུང་བ་ལས། འགལ་ནི་འགྲེང་བུའི་སྒྲ་ཟུར་ཆག་པའི་སྐྱོན་ཡིན། དེ་བཞིན་ཁ་ཟས་ལ་ཞལ་ཚུས་དང་ཞལ་འཚུས་དང་ཞལ་ཚོས། ཁྲལ་གྱི་གཡོག་ཏུ་བཀོལ་བ་ཁྲལ་འཁོལ་བ་དང་ཁྲལ་འཁུལ་བ། དེ་རིང་ཡན་གྱི་ཉིན་བཞི་པ་ལ་གཞེས་ཉིན་དང་གཞིས་ཉིན། ཤ་རིད་པ་ལ་རྗུད་པ་དང་རྗིད་པ། ངེས་པར་བརྟེན་པ་ལ་རག་ལས་པ་དང་རག་ལུས་པ། རྒྱུན་དུ་སྔོ་བའི་ཤིང་ཚིགས་མ་ཅན་ལ་སྨྱུག་མ་དང་སྨྱིག་མ། གྱོལ་བོ་ལ་འཇོན་ཐེང་མ་དང་འཇོན་ཐིང་མ་ལྟ་བུ་སོགས་ཀྱི་ཕྱི་མ་ནོར་རོ།།
བརྒྱད་པ། གདངས་མཐུན་ནོར་བ།
བོད་སྐད་དུ་ཐ་སྙད་མང་བོ་ཞིག་གི་ཚེག་ཁྱིམ་ཕན་ཚུན་གྱི་སྒྲ་གདངས་འགང་མི་གཅིག་ཀྱང་། བྱེད་རྩོལ་གྱི་ཤན་ཕན་ཚུན་ལ་ཞུགས་ནས། སྒྲ་གདངས་མཐུན་པར་གྱུར་པའི་དཔེ་ཡོད། དེ་ལུགས་མ་ཤེས་པར། སྒྲ་ཟུར་ཆག་པ་ལྟར་བྲིས་ནས་ནོར་བ་ཡིན། འོ་མ་བསྲུབས་ནས་མར་བླངས་ཤུལ་གྱི་གཤེར་ཁུ་ལ་དར་བ་ཟེར་མོད། མྱུར་དུ་ཀློག་ཚེ། སྔ་མའི་ར་སྒྲ་ཕྱི་མར་ཞུགས་ནས། བ་སྒྲ་ཉམས་པ་ལྟར། ད་ར་ཞེས་བྲིས་པ་ནོར་རོ། །དེ་བཞིན་མིག་ལོང་བ་ལ་ཞར་བ་དང་ཞར་ར་དང་ཞ་ར། ཕྱེའི་གོར་བ་ལ་འཁུར་བ་དང་ཁུ་ར། གཉིད་ལོག་པའི་ཧར་སྒྲ་ལ་སྔུར་བ་དང་ངུར་བ་དང་ངུ་ར། རྩྭ་སར་གནོད་པའི་བྱི་བ་ལ་ཨ་བྲ་དང་ཨབ་ར། ཕྱུགས་ཀྱི་སྤུ་གྲ་ལས་འཇམ་པ་ལ་ཁུལ་དང་ཁུ་ལུ། རྨ་ཆུ་རྫོང་གི་འབྲོག་རུ་ཞིག་ལ་ཆུ་ཁ་མ་དང་ཆི་ཝ་མ། འོ་མའི་ཕྱུར་བ་ལ། ཆུར་བ་དང་ཆུ་ར། རྟའི་ཐོར་བུ(ཐོར་མོ)ལ་ཐོ་རུ་དང(ཐོར་མོ)། སྒྲ་སྣ་ཚོགས་འདྲེས་ནས་གྲག་པ་ལ་འར་འུར་དང་འ་འུར་ལྟ་བུ་སོགས་ཀྱི་ཕྱི་མ་ནོར་རོ།།
གོང་གསལ་གྱི་ནོར་སོ་བརྒྱད་ནི། གཙོ་བོ་ཡི་གེའི་སྦྱོར་བ་སྐད་ཀྱི་གདངས་ལྟར་སྒྲ་ཟུར་ལེགས་པར་ཐོན་མ་ཐོན་ལ་རག་ལས་པ་ཡིན་མོད། དོན་གྱི་ངོ་བོ་གཅིག་མི་གཅིག་ལ་ངེས་ཤེས་འདྲེན་པའང་གལ་ཆེ། དཔེར་ན། གྲངས་ཉུང་བ་ཞིག་ལ་འགའ་དང་ཁ་ཤས་གང་སྦྱར་འཐུས་ཀྱང་། འགའ་ཤས་ཟེར་ནས་བརྡ་གཉིས་གཅིག་ཏུ་བསྲེས་ཚུལ་མེད་དོ།།
མདོག་དང་ཁ་དོག་གཅིག་པར་སྣང་ཡང་། རིམ་པ་ལྟར་འཇུག་ཡུལ་ལ་ཁྱབ་ཆེ་ཆུང་ཡོད་པར་མ་ཟད། སྦྱར་བྱུང་དང་རང་བྱུང་གི་ཁྱད་པར་ཡང་ཡོད་དེ།“བལ་བོའི་སིལ་ཏོག་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས”ཞེས་དང་།“རས་མདོག་དམར་པོར་བྱས་བྱུང”ཞེས་པ་ལྟ་བུ། མདོག་དང་ཁ་དོག་གི་དབྱེ་བ་མ་བལྟོས་པར། ཁ་མདོག་ཅེས་པ་མི་འགྲིག་གོ །
འགྲོན་པོ་དང་མགྲོན་པོ། སྒྲ་སྤྱི་འདྲ་ཡང་དོན་ལ་ཁྱད་པར་ཆེ། བྱ་བའི་མིང་འགྲོ་ཞེས་པར་རྗེས་འཇུག་ན་སྦྱར་ན། དངོས་པོའི་མིང་དུ་གྱུར་པས། ལམ་འགྲོ་ལ་འགྲོན་པོ་ཟེར། སྟོན་མོར་གདན་དྲངས་པའི་མི་ལ་མགྲོན་པོ་ཟེར། དེས་ན་འགྲུལ་བ་ཕར་འགྲོ་ཚུར་འགྲོའི་འདུག་ས་ལ་འགྲོན་ཁང་ལས། མགྲོན་ཁང་ཞེས་པ་ནོར་རོ།།
ཐོག་མཐའ་བར་གསུམ་གྱི་མཐའ་མ་དང་། རབ་འབྲིང་ཐ་གསུམ་གྱི་ཐ་མ་གཉིས། ཁྱད་མེད་དུ་བྲིས་པ་མི་འགྲིག་སྟེ། དབུས་མཐའ་དང་ཐ་ཆད་ཅེས་པས་གསལ།
སྡོངས་གྲོགས་དང་སྟོངས་གྲོགས་གཉིས་ལའང་ཁྱད་པར་ཡོད་དེ། འགྲོགས་པའི་གྲོགས་ལ་སྡོངས་གྲོགས་དང་། ཕན་པའི་གྲོགས་ལ་སྟོངས་གྲོགས་ཟེར། འཇུག་ཡུལ་ལ་མ་བལྟོས་པར་གང་རུང་དུ་སྦྱར་མི་རུང་ངོ་།།
མདོངས་དང་ལྡོངས་གཉིས་ལས། མིག་གི་རྣམ་པ་ཅན་ལ་མདོངས་ཟེར་ཏེ། རྨ་བྱའི་རྔ་སྒྲོའི་སྤྱན་ཀོར་ལ་མདོངས་ཟེར་བ་ལྟ་བུ། མིག་ལྟ་བུ་དེས་ཅང་མི་མཐོང་བས་ལྡོངས་ཟེར། དེ་གཉིས་ལ་དངོས་པོའི་མིང་དང་།
བྱ་བའི་མིང་གི་ཁྱད་པར་ཡོད་པས། མདོངས་མཐའ་ཅན་ལ་སྡོངས་མཐའ་ཅན་དང་། མིག་ལྡོངས་པ་ལ་མིག་མདོངས་པར་བྲིས་པ་མི་འགྲིག་གོ །
མདུན་ས་དང་འདུན་ས་ལས། སྔུན་སོ་ལ་མདུན་ས་དང་། འདུ་བའི་གནས་ལ་འདུན་ས་ཟེར་ཏེ། འཇུག་ཡུལ་ལ་མ་བལྟོས་པར་གང་རུང་སྦྱར་བ་ནོར་རོ།།
ད་ཚུར(མཚུར)དང་དར་ཚུར་གཉིས་ལས། ད་ཚུར་ནི་ཚུར་རིགས་བཞིའི་དགར་ཚུར་གྱི་མིང་དང་།
དར་ཚུར་ནི་ཚ་ལའི་མིང་ཡིན་པས་དོན་མི་གཅིག་པ་ལ། སྐབས་གང་ཐོབ་ཏུ་འཇུག་པར་བྱ།
ཕྱུ་བ་དང་ཆུ་བ་གཉིས་ལས། སྣམ་བུའི་ལྭ་ལ་ཕྱུ་བ་ཟེར། དེ་ཆར་གོས་བྱེད་ཉན་པར་བསམས་ནས་ཆུ་བ་ཞེས་བྲིས་པ་མི་འགྲིག ཆུ་བ་ནི་མེ་ཏོག་ལྟ་བུའི་ཡུ་བའི་མིང་དང་། རྒྱུས་པའི་དོན་ལའང་འཇུག་གོ།
ཕྱེ་མ་དང་བྱེ་མ་དོན་མི་གཅིག སྦྱར་བྱུང་དང་རང་བྱུང་གི་ཁྱད་པར་ཡོད། སྨན་ཕྱེ་མ་དང་རྡོ་བྱེ་མ་ལྟ་བུ། གཅིག་གཅིག་གི་དོད་དུ་སྦྱར་མི་རུང་ངོ་།།
བརྒྱ་ཐམ་པ་ལས་གཅིག་ཙམ་ཡོད་ཚོད་ལ་བརྒྱ་ལམ་དང་། ལམ་ཆེན་ལ་རྒྱ་ལམ་ཟེར། བརྒྱ་ལམ་ན་ཞེས་པར་རྒྱ་ལམ་ན་ལྟར་སྦྱར་བ་འཕྱུགས་སོ། །
འབུ་དང་སྲིན་བུའི་འཇུག་ཡུལ་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དེ། སྲོག་ཆགས་ཕྲ་མོའི་རིགས་སྤྱི་ལ་འབུ་ཟེར་ཞིང་། དེ་རྣམས་ལས་ཧ་ཅང་ཕྲ་ཞིང་ནད་རྒྱུ་བྱེད་པའི་རིགས་ལ་སྲིན་བུ་ཟེར་ཏེ། སོ་སྲིན། སྣ་སྲིན། ཞེས་པ་ལྟ་བུ། དེས་ན་སྲིན་བུའི་དོད་དུ། འབུ་དང་སྲིན་ངོ་བོ་མི་གཅིག་པའི་མིང་གཉིས་གཅིག་ཏུ་སྦྱར་ནས་སྲིན་འབུ་ཞེས་བྲིས་པ་མ་དག་པའོ།།
མཐོ་བ་དང་མཐོན་པོའི་ངོ་བོ་མི་གཅིག་སྟེ། སྔ་མ་ཁྱད་ཆོས་མཚོན་པའི་མིང་ཡིན། དེ་ལ་རྗེས་འཇུག་ན་སྦྱར་བའི་མཐོན་པོ་ནི། དངོས་པོའི་མིང་དུ་གྱུར་པ་ཡིན་པས། མཐོ་བ་དང་མཐོན་པོའི་དབྱེ་བ་མ་ཕྱེད་ལ། མཐོ་པོ་ཞེས་བྲིས་པ་ནོར་རོ། །དེ་བཞིན། རྣོན་པོ་ལ་རྣོ་པོ་དང་། ཆེན་པོ་ལ་ཆེ་པོ་སོགས་སུ་བྲིས་པ་མ་དག་པ་ཡིན་པ་ལྟ་བུ་སོགས་སོ།།
དོན་ཚན་གསུམ་པ། ཡིག་སྐྱོན་སེལ་
བའི་གཉེན་པོ།
ཡི་གེའི་དག་ཆ་གདོན་པ་ལ། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས“རང་གིས་མཐོང་བའི་དག་ཡིག་རེ་ལ་མཛུབ་མོ་རི་སྟོན་བྱེད་པ་ལས། རྒྱུ་མཚན་གཞན་མེད་ན་འཐད་པོ་ཞིག་མ་ལགས་ཏེ། གཟུར་གནས་རྣམ་དཔྱོད་ཀྱི་མེ་ལོང་མངའ་བ་ཚོའི་ཐུགས་ལ་སྣོམས”ཞེས《སུམ་རྟགས་ཀྱི་རྣམ་གཞག་བློ་མུན་སེལ་བའི་འོད་སྣང》ཞེས་བྱ་བ་ཞུ་དག་མཛད་པའི་གསུང་སྒྲོས་ལས་གསུངས་པ་བཞིན། མིང་གང་ལ་ཡི་གེ་གང་བབ། དག་པ་ཡིན་མིན། སྒྲ་རིག་པས་བརྡར་ཤ་གཅད་དགོས། དེ་ཡང་ཡི་གེ་སྐྱེད་བྱེད་ཀྱི་རྒྱུ་སྟེ། གནས་དང་བྱེད་པ་རླུང་དང་རྣམ་རྟོག་ལེགས་པར་ཤེས་ཐོག མིང་གི་བྱུང་ཚུལ་འཕེལ་ཚུལ་དང་། མིང་གི་ངོ་བོ་འགྱུར་ཚུལ་དང་། སྒྲ་གདངས་མཐུན་པར་འགྱུར་ཚུལ་དང་།
སྡེབ་ལེགས་པར་སྦྱོར་ཚུལ་སོགས་ཀྱང་ལེགས་པར་ཤེས་དགོས། 《བརྡ་དག་མིང་ཚིག་གསལ་བ》ཞེས་བྱ་བ་ལས། མིང་མང་བོ་རེ་ལ་འབྲི་ཚུལ་གཉིས་གསུམ་རེ་བྱུང་བ་ལས། མང་ཕྱོགས་གོང་གསལ་དག་མ་དག་གི་ཁྱད་པར་ཡིན། ཉུང་ཕྱོགས་རགས་པར་བཤད་ན་འགྲིགས་ཏེ། དོན་གཞན་སྟོན་པར་མི་འགྱུར་ཞིང་།
ཞིབ་ཏུ་བཤད་ན། དོན་སྟོན་ཚུལ་ལ་ཞིབ་ཆའི་དབྱེ་བའང་ཡོད་དོ། །དེ་ཡང་གཙོ་བོ་ཕྱོགས་གསུམ་ཡོད་དེ།
དང་པོ། གདམ་ངའི་ཐད་དུ།
ཉུང་ཟད་ལས་ཕལ་ཆེར་སྔོན་འཇུག་ད་དང་།
མགོ་འཇོག་དག་ཀློག་ཚེ། སྒྲའི་བྱེད་རྩོལ་དང་ལྕི་ཡང་ཧ་ལམ་མཚུངས་པར་གྱུར་པས། ཚིག་སྦྱོར་དུ་དས་འཕུལ་ཅན་དང་། མགོ་ཅན་དག་གདམ་ང་ཅན་དུ་འཇུག་པར་གྱུར་སོང་ཡང་། རིགས་པས་དཔྱད་ན། ལྷག་པ་གང་འོས་ཚད་མར་བཟུང་ན་ལེགས་སྙམ་སྟེ། སྐྲག་པའི་དོན་ལ་དངངས་དང་། སྔངས་གང་རུང་འཇུག་ཀྱང་། རྒྱུགས་ཆེ་བ་ལ་སྔ་མ་བྲིས་ན་ལེགས། ངར་འཇོམ་པ་ལ་དཔའ་བཀོང་བ་དང་། སྤ་བཀོང་བ་གང་རུང་བབ་ཀྱང་། སྤ་མཛེས་རྒྱན་དག་ལའང་འཇུག་པས། དཔའ་བྲིས་ན་གོ་བདེའོ། །ཆུའི་འབུར་བུ་རྡོས་པ་ལ་ལྦུ་བ་དང་དབུ་བ་གང་རུང་ཆོག་ཀྱང་། དབུ་ནི་མགོ་དང་དབུས་ལ་འཇུག་པས། ལྦུ་བ་སྦྱར་ན་བཟང་ངོ་། །ངན་བཤད་པ་ལ་དམའ་འབེབས་པ་དང་། སྨ་འབེབས་པ་གང་རུང་ཆོག་ཀྱང་། ཁ་སྤུ་ལ་སྨ་ར་འཇུག་པས། དམའ་སྦྱར་ན་གོ་བདེའོ། །ཆུ་རླབས་ལ་རྦ་དང་དབའ་གང་ཡང་རུང་མོད། རྒྱུགས་ཆེ་བ་ལ་རྦ་སྦྱར་ན་ལེགས་སྙམ་མོ། །བུད་མེད་ལ་མོ་དམན་དང་མོ་སྨན་ལས། སྤྱིར་མོ་དམན་བྲིས་པ་མང་། བུད་མེད་མཆོག་ལ་མོ་སྨན་ཞེས་ཆེད་དུ་སྦྱར་བ་ཡང་ཡོད་མོད། དོན་དུ་མི་ཕོ་ལ་སྐྱེ་བས་མཐོ་དང་། མི་མོ་ལ་སྐྱེ་བས་དམན་ཞེས་མངོན་པར་བརྗོད་པས་གསལ། མཛེས་པའི་ཉམས་ཅན་ལ་མཆོར་སྒེག་དང་། འཕྱོར་སྒེག་གང་རུང་བྲིས་ཀྱང་། དོན་དུ་སྔ་མ་དག་པར་མངོན་ནོ། །སྲབ་པའི་ལྡོག་ཟླ་ལ་མཐུག་པོ་དང་། འཐུག་པོ་གཉིས་ལས། འབྲོག་སྐད་ལྟར་ན་སྔ་མ་དག་པ་ལྟ་བུ་སོགས་རིགས་བསྒྲེ་བར་བྱའོ།།
གཉིས་པ། སྡེབ་སྦྱོར་གྱི་ཐད་དུ།
ངག་གི་སྙན་ཆ་གདོན་པར། རྗེས་འཇུག་གི་མིང་མཐའ་འདྲེན་པར་བརྗོད་བདེ་བ་ཞིག་དང་། མིང་གི་ཆ་ཤས་གཉིས་ཀྱི་སྒྲ་ཤེད་མཉམ་པའམ་ཧ་ལམ་མཉམ་པ་ཞིག་དང་། དབྱངས་ཀྱི་ང་རོ་ཕན་ཚུན་མི་ཐོགས་པ་ཞིག་དགོས། སྤྱིར་མིང་གི་སྡེབ་སྦྱོར་ནི། ཁ་ལ་བརྗོད་བདེ་བ་དང་། རྣ་བར་གདངས་སྙན་པ་ཞིག་དགོས་པའི་དབང་གིས། མིང་ལ་ལར་དེ་བཞིན་བྱུང་མ་བྱུང་གི་འབྲི་ཚུལ་གཉིས་རེ་བྱུང་བ་ཡིན་ཏེ། རྩོམ་རིགས་ཤིག་ལ་སྙན་དངགས་དང་། སྙན་ངག་འབྲི་ཚུལ་གཉིས་ཡོད། སྔ་མ་ནི་བརྡ་རྙིང་སྟེ། རྟགས་མཚུངས་སྦྱར་ཅིང་སྒྲ་ཤེད་མཉམ་ལྕི་བྱས་ནས། སྡེབ་སྦྱོར་གྱི་མཆོག་བྱིན་པ་དང་། ཕྱི་མ་ནི་སྒྲ་ཟུར་ཆག་ནས་གོ་བདེ་བ་ལྟར་བྲིས་པ་ཡིན་ནོ། །ལུས་པོ་ཕྱིར་དཀན་ནས་ཉལ་བའམ་ལོག་པ་ལ། གན་ཀྱལ་དང་གན་རྐྱལ་གཉིས་ལས། སྒྲ་ཤེད་བསྙམ་པར་རྐྱལ་གྱི་ལྕི་ཆ་དོར་ནས་གན་ཀྱལ་དུ་བྲིས་པ་ཡིན། གནམ་ངོས་དྭངས་སང་ངེ་ལ། སྔོ་བསངས་དང་སྔོ་སངས་གཉིས་ལས། སྔོའི་སྒྲ་ལྕི་བས། སངས་ལ་བས་འཕུལ་ནས་སྒྲ་ཤེད་བསྙམས་པ་ཡིན། དངོས་པོའི་ཆ་ཤས་ཆུང་ངུའི་མིང་ལ། ཟེགས་མ་དང་གཟེགས་མ་གཉིས་ལས། སྒྲ་ལྕི་ཡང་ཤེད་བསྙམ་པར་གས་འཕུལ་དོར་བ་ཡིན། ཕྱོགས་གཉིས་སུ་མ་གཏོགས་པ་ལ། ཕུང་སུམ་པ་དང་ཕུང་གསུམ་པ་གཉིས་ལས། མོ་ཡིས་མོ་ཡི་མིང་མཐའ་དྲངས་པ་ལྟར་གས་འཕུལ་དོར་བ་ཡིན། སྨད་གོས་ལ་ཤམ་ཐབས་དང་གཤམ་ཐབས་གཉིས་ལས། གཤམ་གྱི་སྒྲ་ལྕི་བས་གས་འཕུལ་དོར་ནས་ཤེད་མཉམ་པར་བྱས་པ་ཡིན། སྐེ་ཚེའི་རིགས་ཤིག་ལ། ཡུངས་ཀར་དང་ཡུངས་དཀར་གཉིས་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས་པ་ལྟར་དས་འཕུལ་དོར་བ་ཡིན། བཤང་ལམ་མདོ་ཁར་བྱུང་བའི་རྨ་འབྲུམ་ལ། གཞང་འབྲུམ་དང་བཤང་འབྲུམ་འབྲི་ཚུལ་གཉིས་ལས། བཤང་གི་སྒྲ་ཇེ་ཡང་དུ་བཏང་ནས་གཞང་དུ་བསྒྱུར་བྱུང་བ་རེད། ཟོག་གི་རིགས་ཤིག་ལ་བ་ལང་དང་བ་གླང་གཉིས་ལས། གླང་གི་སྒྲ་ལྕི་བ་ཡང་བར་བྱས་ནས་བ་ལང་དུ་བྲིས་སོ། །
སེམས་དགའ་བ་ལ་ཡི་རང་བ་དང་ཡིད་རང་བ་གཉིས་དང་། སེམས་སྡུག་པ་ལ་ཡི་མུག་པ་དང་། ཡིད་མུག་པ་གཉིས་དག་མོ་ཡིས་མོ་ཡི་མིང་མཐའ་དྲངས་པ་ལྟར། ཡིའི་རྗེས་འཇུག་ད་བསུབས་པ་སོགས། སྡེབ་སྦྱོར་དུ་ངག་གི་དཔལ་བསྐྱེད་པ་ཡིན་པས། དེ་ལྟར་བྲིས་ན་ལེགས་པར་སེམས་སོ།།
གསུམ་པ། མིང་གི་ངོ་བོ་འགྱུར་བའི་ཐད་དུ།
མིང་ལ་ལའི་འབྲི་ཚུལ་གཉིས་རིམ་གྱིས་བརྟེན་ཅིང་འབྲེལ་བའི་ངོ་བོ་གཉིས་སྟོན་པར་གྱུར་པ་ཡང་ཡོད། དེ་དག་གི་ཁྱད་པར་གཙོ་བོ་ནི། སྔོན་འཇུག་ཡོད་མེད་དུ་བྱས་པ་ཡིན། སྔོན་འཇུག་ད་དང་མགོ་འཇོག་གིས་དབྱེ་བ་མཛད་པ་ཡང་ཡོད། དེ་རྣམས་མཁས་དབང་གིས་གཏན་ལ་ཕབ་པ་མིན་གྱི། ཡི་གེའི་ལག་ལེན་དུ་མ་བགྲོས་རང་མཐུན་དུ་གྲུབ་པ་ཡིན། དཔེར་ན། དམར་བ་ཞེས་བྱ་བ་མཚལ་མདོག་དང་། ཤ་ཁྲག་གི་དཔེ་དང་། གལ་བོ་ཆེ་དང་། ནོར་ཁྱད་པར་བ་སྒོར་མོ་སོགས་ལ་འཇུག་པ། དམར་པོ་མཚལ་འདྲའི་གྲོས་ཤིག་བྱེད(《བྱ་སྤྲེལ་གཏམ་རྒྱུད》ལས)ཅེས་དང་། ཉ་དམར་དད་ཆེ་བས་ལྕགས་ཀྱོའི་ཤ་ལ་ཁྱུར་མིད་བྱས(《དཔེ་ཆོས་རིན་སྤུངས》ལས)ཞེས་དང་། གསུང་གླེང་ཤིན་ཏུ་དམར་བ་གནང(《བླ་མ་དཀར་པོའི་རྣམ་ཐར》ལས)ཞེས་དང་། ནོར་གང་དམར་ཁྱེར་བའི་དབང་མོ་ཆེ(《མི་ལའི་རྣམ་ཐར》ལས)ཞེས་པ་སོགས་ཀྱིས་གསལ། རིམ་གྱིས་དོན་སྔ་མ་གཉིས་ལ་དམར་དང་། དོན་ཕྱི་མ་གཉིས་ལ་སྨར་ཞེས་པ་འཇུག་སྟེ། སྒྲ་འདྲ་ཡང་ཡིག་གཟུགས་མི་འདྲ་བས་དོན་གྱི་ངོ་བོ་མི་གཅིག་པ་སྟོན་པར་གྱུར་སོང་། གྲངས་ཀྱི་དགུ་ནི་གྲངས་ངེས་པ་དང་།
གྲངས་མང་བོ་ལའང་འཇུག་མོད། རིམ་གྱིས་གྲངས་མང་བོ་ལ་རྒུ་སྦྱར་ནས། སྐྱེ་དགུ་ལ་ཧ་ལམ་སྐྱེ་རྒུ་ལྟར་བྲིས་པའི་ཁྱད་བྱུང་། སྒོས་སུ་བྱ་བའི་མིང་དངོས་པོའི་མིང་དུ་འཇུག་ཚེ། འདས་པའི་སྔོན་འཇུག་དོར་ནས་ཁྱད་པར་བསྟན་པ་མང་། བྱ་བ་འདས་པ་བཏོན་པ་ཞེས་པའི་སྔོན་འཇུག་བ་དོར་ནས། ཁ་ཏོན་ཞེས་གདོན་བྱའི་མིང་དུ་གྲུབ་པ་ཡིན་པས། ཁ་འདོན་དུ་བྲིས་པ་མ་དག་པའོ། །འཁེབས་པ་ནི་བདག་དང་འབྲེལ་བའི་བྱ་བ་བཀབ་པ་ཞེས་པར་བརྟེན་ནས་བྱུང་བའི་གཞན་དང་འབྲེལ་བའི་བྱ་བ་འདས་པ་ཡིན་ལ། ཀུན་ཁེབས་ཞེས་ནམ་མཁའི་མིང་དུ་འཇུག་ཚེ། འས་འཕུལ་འདོར་དགོས་མོད། མ་དོར་བ་ནི་མིང་གི་ངོ་བོ་འགྱུར་བའི་རྟགས་མ་ཐོན་པ་རེད། གཤགས་པ་ནི་བྱ་བའི་མིང་སྟེ། དངོས་པོའི་མིང་དུ་འཇུག་ཚེ། གས་འཕུལ་དོར་བ་ཡིན། དེས་ན་ཤགས་འབྱེད་པ་དང་གཤགས་འབྱེད་པ་གཉིས་ལས། སྔ་མ་འགྲིག་ལ་ཕྱི་མ་ནོར་རོ། །
བྱ་བའི་མིང་འཁོར་བ་ཞེས་པའི་འས་འཕུལ་དོར་ན་དངོས་པོའི་མིང་དུ་འགྱུར་བས། ཁོར་མོ་ཡུག་ཅེས་པ་དག་ཅིང་འཁོར་མོ་ཡུག་ཅེས་པ་མ་དག་པའོ། ། བྱ་བའི་མིང་མཐུན་པ་ཞེས་པའི་མས་འཕུལ་དོར་ན་དངོས་པོའི་མིང་དུ་གྱུར་པས། ཐུན་མོང་ལ་མཐུན་མོང་དུ་བྲིས་པ་ནོར་རོ། །ཡང་གྲངས་ཀའི་མིང་། གཅིག གཉིས། གསུམ་དག་དངོས་པོའི་མིང་དུ་སྦྱར་ན། གས་འཕུལ་དོར་བ་ཡིན་པས། ཆིག་བརྒྱུད། ཉིས་ཐོག སུམ་མདོ་སོགས་ལ། གཅིག་བརྒྱུད། གཉིས་ཐོག གསུམ་མདོ་སོགས་སུ་བྲིས་པ་མ་དག་པའོ།།