སྤྱིར་མཛེས་རྟོགས་དང་ཡིད་ཆེས་ཀྱིས་མ་བསླུས་པའི་གདམ་ག་ནི་རང་ཉིད་ལ་དབང་བའི་མི་ཚེའི་བཞུད་ལམ་ཁྲོད་ཀྱི་རིན་བྲལ་ཐོན་དངོས་ཤིག་ཡིན་ལ།མི་ཚེ་འཚོ་བར་ཟབ་ཞུགས་དང་ཆགས་སྡང་གི་སེམས་བྱུང་ལ་ཁ་ལོ་བྱེད་པའི་དན་རྟགས་ཤིག་ཡིན་ཀྱང་སྲིད།ཕུགས་བསྙེགས་དང་ལྷག་བསམ་བརྩེ་དུང་གིས་མ་བསླུས་པའི་གདམ་ག་ནི་འཇིག་རྟེན་མི་ཡུལ་ལ་དབང་བའི་རང་དབང་གི་བདེན་པ་ཡིན།
ང་རང་ཚོ་ནི་ས་ཆེན་ཨ་མའི་ཕང་བ་ནས་འཚར་ལོངས་བྱུང་ཞིང་ཕུགས་ཀྱི་འདུན་པ་རིང་དུ་བསྐྱངས་ཏེ།ལྔ་རིག་ཤེས་བྱར་འདོད་དགུ་བསྒྱུར་ཞིང་གསོ་བྱེད་སྨན་རིགས་ལ་འཇུག་པར་མོས་པ།བཟོ་རིགས་འཆར་འགོད་བརྩིགས་པར་ཡིད་སྤྲོས་པ།སྒྲ་ཚད་ནང་དོན་རིག་པར་ཐབས་ཤེས་ཟུང་འཇུག་གིི་བློ་རྩེ་གཅིག་ཏུ་གཏད་པའི་ན་གཞོན་སློབ་གཉེར་བ་ཞིག་གི་ངོས་ཐད་ནས་བལྟས་ན།རང་ཉིད་ཀྱི་ཕུགས་འདུན་གྱིས་གཏམས་པའི་སློབ་གཉེར་གྱི་གདམ་ག་ནི་རིག་གནས་འཚོ་བར་འཇུག་པའི་གྲ་སྒྲིག་གི་ལས་རིམ་དང་རིག་གནས་གཏིང་མཐར་བགྲོད་བྱེད་ཀྱི་སྔོན་འགྲོའི་སྟ་གོན་ཡིན།སློབ་གཉེར་གྱི་གདམ་གའི་འཁྲེང་སྣེ་ལ་འཇུས་ཏེ་མི་ཚེའི་འཚོ་བར་ཤེས་རིག་གི་ལོངས་སྤྱོད་ཅིག་བསྩལ་པར་དཔོགས་པའི་སྐལ་བཟང་འཕྲོག་བྱེད་ཀྱི་དུས་བཟང་ཞིག་ཡིན་པ་གདོན་མི་ཟ་ལ།རིག་གཞུང་བསྟན་བཅོས་སོགས་ལ་ཞིབ་འཇུག་བྱེད་པའི་གཙོ་ཤུགས་དང་བློ་རྩལ་མཉམ་འཛོམ་གྱི་སྐལ་བཟང་ཞིག་ཀྱང་ཡིན་སྲིད།
སྤྱིི་ཚོགས་ཤེས་རིག་གི་འཕེལ་རྒྱས་དང་བསྟུན་ནས་ས་འཛིན་སྒེག་མོའི་གཞི་རུ་འདུན་མའི་བསིལ་རླུང་ས་སྒང་གི་ཕྲག་པར་ལྡིང་ཞིང་།མཐུན་སྒྲིལ་གསེར་གྱི་ཨ་ལོང་དམ་དུ་འཁྱུད་པའི་མི་རིགས་ང་དྲུག་གི་ཞི་མཐུན་འབད་བརྩོན་གྱི་ཆོད་སེམས་དང་ལས་བཀུར་ཡིད་རྟོན་གྱི་འཁྲེང་སེམས།མཛའ་གཅུགས་རོགས་རེས་ཀྱི་མོས་པ།མཉམ་འབྲེལ་གསར་གཏོད་ཀྱི་སྙིང་སྟོབས་བཅས་སྔར་ལས་རྒྱས་ཤིང་ལོ་རྒྱུས་ཤེས་རིག་གི་དཔལ་ཡོན་དང་མཚན་སློབ་འཕེལ་རྒྱས་ཀྱི་ལས་རིགས།བསྒྱུར་བཅོས་གསར་གཏོད་ཀྱི་དུས་རབས་སྙིང་སྟོབས་ལ་སོགས་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཤུགས་ཆེར་འབར་བའི་དུས་འདིར་ང་ཚོས་སྐྱིད་སྡུག་འདྲེས་མའི་རྣམ་ཐར་ལས་བསྐྱངས་པའི་ལོ་རྒྱུས་འཁྲབ་གཞུང་ལ་ངེས་ཤེས་གསལ་ཆ་དོད་པོ་ཞིག་ཆགས་པར་བྱས་ཏེ། འཚོ་བ་གསར་བའི་ལམ་ཕྱོགས་དང་བསྟུན་ཏེ་ངེས་འབྱུང་གསར་བ། འདོད་ཚུལ་གསར་བ། ལྟ་བ་གསར་བ། གོམས་སྲོལ་གསར་བ། རེ་འདོད་གསར་བ་ཞིག་དང་བཅས་འཚོ་བའི་རིན་ཐང་གི་མདུན་ལྗོངས་ལ་མཚོན་མདངས་རྣམ་པར་བཀྲ་བའི་ཁ་དོག་གི་རི་མོ་བྲི་བཞིན་དུས་བསྐལ་གྱི་བགྲོད་པར་གཡེང་བའི་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱེད་པར་བྲལ་ལ་དུས་རབས་ཀྱི་འགྲོས་དང་བསྟུན་པའི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཟབ་མོ་ཞིག་རང་རྒྱུད་དུ་ལེན་པར་བསྩལ། རེད་དེ། ཞི་བདེའི་ལྷ་བྱ་དཀར་པོ་མ་ཡུམ་དགུང་སྔོན་དབྱིངས་ནས་ཕྱོགས་བཞིར་ཆས་པའི་ཉིན་མོ་ནས་བཟུང་། ང་ཚོ་སྟེ་སློབ་ཆེན་པའི་མཚན་ཉིད་དམ་མིང་བྱང་འཛིན་པའི་ན་གཞོན་པས་དུས་རབས་གསར་བའི་ཉི་གཞོན་ངང་གིས་བསུ་བཞིན་ཕན་བདེའི་སྤྱི་ཚོགས་ཀྱི་བཀའ་དྲིན་གསེར་གྱི་ལྷུན་པོ་དེ་དངོས་ནས་རྟོགས་བྱུང་། ངོ་མ། ང་ཚོ་ནི་དུས་རབས་གསར་བའི་ཐོང་གར་རྩེན་པའི་གསར་སྐྱེས་གཞོན་ནུ་ཞིག་གི་ངོས་ཐད་ནས་བལྟས་ན།མཐུན་སྒྲིལ་གསེར་གྱི་ཨ་ལོང་དམ་དུ་སྦྲེལ་ནས་ཕུགས་བསམ་གྱིས་བཞེངས་པའི་རང་དབང་གདམ་ག་མངོན་པར་བགྱིས་ཏེ།སྤྱི་ཚོགས་ཀྱི་འགྲོ་ཕྱོགས་དང་འཚོ་བ་གསར་བའི་མདུན་ལྗོངས་ཡིད་ཁོངས་སུ་བཅུག་སྟེ།དཀའ་བ་བརྒྱ་དང་བརྩོན་པ་སྟོང་གི་ངལ་བར་མ་འཛེམ་པར་མི་ཚེའི་ཕུགས་བསམ་གྱི་སླད་དུ་རྩོལ་ཤུགས་ཅི་ཡོད་འདོན་དགོས་པ་རེད།
ང་རང་འཇིག་རྟེན་གྱི་གར་སྟེགས་འདིར་བུད་པ་ནས་བཟུང་མི་ཚེའི་ཕུགས་བསམ་གྱིས་བཞེངས་པའི་རང་དབང་གི་གདམ་ག་ཞིག་གཞིར་གྲུབ་ལ། ལོ་ཟླའི་བཞུད་ལམ་དུ་བདེ་སྨོན་ལ་འཁྲེང་བའི་འཚོ་བ་དང་རང་དབང་སེམས་བྱུང་གི་འདུ་ཤེས།བདེན་གྲུབ་མཆོག་ཤེས་ཀྱི་ལྟ་དཔྱོད་ལས་མི་ཚེའི་མཚར་སྡུག་བསྐྲུན།།