དེ་རིང་ནི་མེ་ཏོག་ཅིག་ཡིན་ན། སང་ཉིན་ནི་ང་ཚོའི་རེ་བའི་མེ་ཏོག་ལ་བཀྲག་མདངས་རྒྱས་པའི་ལྗང་མདོག་གི་སྤང་ལྗོངས་དེ་ཡིན་ནམ། ཡང་ན་མེ་ཏོག་གི་འདབ་མ་ལྷུང་ནས་རྩ་བ་བསྐམས་ཏེ་རྗེས་མེད་ཤུལ་མེད་དུ་གྱུར་བའི་རྡོ་རིང་ཞིག་ཡིན། ཁ་སང་ལ་དད་པ་དང་རྗེས་དྲན་བྱེད་པ་ནི་རང་ངོམ་དང་སེམས་གསོ་ཙམ་ལས་ཅི་ཡང་མིན་ན་ང་ཚོས་ད་དུང་ཉི་མ་ལྡེ་བཞིན་གནའ་གཏམ་ཙམ་ལ་སེམས་པ་གླན་དོན་ཅི་ཞིག་ཡིན་ནམ། ཆོས་རྒྱལ་མེས་དབོན་ཁ་སང་གི་མི་རེད་ལ་གཡུ་ཐོག་རྙིང་མའང་ཁ་སང་གི་མི་རེད། རྒན་མོ་གསེར་ཁུར་ཁ་སང་གི་དུས་རེད་ལ་པོ་ཏ་ལ་ཡང་ཁ་སང་གི་བློ་བཀོད་རེད་ལགས། ས་ནག་ནང་གོག་ནུར་བྱེད་བཞིན་པའི་འབུ་ནག་ཅིག་གིས་ངའི་སྐྱེ་བ་སྔོན་མ་བྱ་རྒྱལ་རྒོད་པོ་ཞིག་ཡིན་ཚུལ་ལབ་པར་སྙིང་བོ་མེད་ལ། བྱ་རྒྱལ་རྒོད་པོ་ཞིག་གིས་ངའི་སྐྱེ་བ་སྔོན་མ་ཉམ་ཆུང་བའི་འབུ་ནག་ཅིག་ཡིན་པར་བཤད་ན་དེ་ནི་ཧ་ལས་དགོས་པ་ཞིག་མིན་ནམ། དོན་ངོ་མར་དེ་རིང་ང་ཚོར་ཅི་ཞིག་ཡོད། ཕ་སྐད་མ་ཡིག་ལ་ཁ་གཉེར་སྣ་གཉེར་བྱེད་མཁན་དེ་ཚོ་དང་། ཕུ་ནུ་སྤུན་ཟླའི་བར་ལ་ཁྱོད་ཤི་ང་གསོན་བྱེད་པ་དེ་ཚོ་ལས་ང་ཚོར་ཅི་ཞིག་ལྷག་ཡོད། ཨོ། འདི་ལྟར་བཤད་ན་ཁྱོད་ཀྱིས་ཁོང་ཁྲོ་གནོན་མི་ཐུབ་ཅིང་དཀྱེལ་ཡངས་མེད་པའི་གོམས་གཤིས་ཀྱིས་སྐད་གསེང་མཐོན་པོས། ང་ཚོར་དེང་དུས་སློབ་ཆེན་ཁག་ན་སློབ་དཔོན་ཆེན་མོ་མང་པོ་ཡོད། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་བླ་མ་མཁན་པོ་ཡོད། ད་དུང་བསམ་བློ་གསར་བའི་ན་གཞོན་ཡོད་ཅེས་མང་པོ་ཞིག་བརྩི་ངེས་ཡིན། མཚོ་སྔོན་པོ་མ་བསྐམ་ན་ཉ་གསེར་མིག་རེ་གཉིས་ཡོད་དུ་ཆུགས་ཀྱང་། ཁོ་ཚོས་ཕན་ཚུན་ལ་བསམ་ཤེས་དང་སློབ་སྦྱོང་མི་བྱེད་པར་ང་ཆེ་ང་མཐོ་དང་། ང་བདེན་ཁྱོད་རྫུན་གྱིས་དྲྭ་ཐོག་དང་ངག་ཐོག་ན་ནམ་ཡང་ཁ་རྩོད་ཙམ་གྱིས་དུས་འདའ་ནས་ཡོད་པ་མ་མཐོང་ངམ། དཔེར་ན། གཅིས་གིས་ང་ལ་ཀ་ར་ཡོད་ཅེས་ངོམ་ན་གཞན་དེས་ང་ལ་རྩེད་ཆས་ཡོད་ཅེས་རང་ངོམ་བྱེད་པ་ནི་བྱིས་པ་ཆུང་ཆུང་ཚོའི་ལས་ཀ་ཞིག་མ་ཡིན་ནམ། བདེན་དེ། དེ་རིང་གི་ང་ཚོར་མཁས་མིང་འཛིན་པ་འགའ་རེ་ཡོད་ཀྱང་རིག་གནས་དང་བསམ་བློའི་མཛོད་དུ་གྱུར་བ་དེ་ཚོར་ང་ཚོས་རྒྱབ་སྐྱོར་དང་གོང་བཀུར་ཅི་ཙམ་བྱེད་བཞིན་ཡོད་ལགས། རིག་གནས་ཡོན་ཏན་ཅན་ལ་བརྩི་མཐོང་མེད་པའི་མི་རིགས་ནི་རེ་བ་མེད་པའི་མི་རིགས་ཤིག་ཡིན་ཚུལ་མཁས་པའི་ངག་ན་རླུང་ལྟར་གྲགས་པ་མ་ཐོས་སམ། དེ་རིང་ང་ཚོའི་མཐོང་ཆོས་སུ་གྱུར་བའི་གངས་རི་དང་སྤང་ལྗོངས། མཚོ་དང་མཚེའུ། ནགས་ཚལ་དང་གཏེར་ཁ་ལས་ང་ཚོར་འཁོར་བ་དང་འབྱོར་ཕྱུག་ཡོད་པ་མཚོན་ན། གངས་རི་ཇེ་ཆུང་དང་སྤང་ལྗོངས་ཇེ་དོག མཚོ་མོར་རླབས་སྒྲ་མེད་ལ་ནགས་ཚལ་ལ་ལྗང་མདོག་བྲལ་བ་འདིས། ང་ཚོར་ཅི་ཞིག་གསལ་བཤད་བྱེད་བཞིན་པ་མིན་ནམ།
སང་ཉིན་གྱི་མེ་ཏོག་སྔར་ལས་རྣམ་པར་བཞད་འདོད་ན། སང་ཉིན་གྱི་མེ་ཏོག་ལས་ཀུན་ལ་སྨན་པའི་ཕན་བདེའི་སྦྲང་རྩི་ལེན་འདོད་ན། སྤུན་ཟླ་ནང་འཛིང་གིས་མི་ཡོང་ལ་ཡོན་ཏན་པའི་ཕྲག་དོག་གིས་ཀྱང་ག་ལ་ཡོང་། ང་ཚོས་མཐུན་སྒྲིལ་གྱི་དྲོད་ཁོལ་དང་སློབ་གསོའི་ཆུ་ལུད་བཟང་བོ་ཞིག་འཇོག་པར་བརྩོན་རྒྱུ་ནི་ལོ་རྒྱུས་ཀྱིས་སྤྲད་པའི་དེ་རིང་གི་ང་ཚོའི་འོས་འགན་མ་ཡིན་ནམ།།