
བོད་ལྗོངས་གསར་པ།
《བོད་ལྗོངས་གསར་པ》ཡི་དུས་དེབ་ནི་2009ལོར་ཐོག་མར་གསར་དུ་གཉེར་པ་ཡིན་ལ། དེ་ནི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྐྱོང་དང་གཙོ་སྒྲུབ་བྱས་པའི་བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་སྲིད་ཇུས་གཞུང་ལུགས་ཀྱི་དུས་དེབ་ཐོག་མ་ཡིན། ཏང་གི་གཞུང་ལུགས་དྲིལ་སྒྲོག་དང་། ཏང་གི་སྲིད་ཇུས་རྒྱུན་འཁྱོངས། ཏང་གི་ལས་དོན་མཚོན་པ། མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བར་བཅར་བ་བཅས་དམིགས་ཡུལ་གཙོ་བོར་བཟུང་ཡོད། ལོ་ངོ་བཅུ་ཡི་རིང་ལ། 《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱིས་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གིས་གཡུལ་ས་འཛུགས་པའི་འདུ་ཤེས་ཀྱིས་ཏང་གི་དུས་དེབ་སྤུས་ལེགས་བསྐྲུན་པ་དང་། གཞུང་ལུགས་དྲིལ་སྒྲོག་དང་། ལས་དོན་འཕེལ་རྒྱས། དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་དགའ་འོས་པའི་གྲུབ་འབྲས་ལེགས་པོ་ཐོབ་པས། བོད་རང་སྐྱོང་ལྗོངས་ཏང་ཨུའི་བསམ་བློའི་གཞུང་ལུགས་དྲིལ་སྒྲོག་བྱེད་པའི་གཡུལ་ས་དང་ལག་རོགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེའང་བོད་ལྗོངས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན།